ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ༡༨ལོའི་རང་ཞིང་གི་ཚོགས་ཆེན་གཉིས། > སྒྲ་ལྡན།

འཐུས་མི་སངས་འབུམ་གྱིས་རྨ་ཆེན་རྫོང་གྲོང་ཁྱེར་དུ་སྒྱུར་བར་སྲིད་ཇུས་ཐད་ནས་གཟིགས་སྐྱོང་གནང་རྒྱུའི་རེ་བ་བཏོན།

སྤེལ་དུས། 2018-01-30 19:16:32   ཡོང་ཁུངས། བོད་རིགས་རིག་གནས་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

282852740893605503.jpg

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་འཐུས་མི། རྨ་ཆེན་རྫོང་གི་རྫོང་དཔོན་སངས་འབུམ།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ། འདས་པའི་ལོ་ལྔའི་རིང་ལ། རང་རྒྱལ་གྱི་མཁར་གྲོང་ཅན་དུ་འགྱུར་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆའི་གཅིག་དང་གྲངས་ཆུང་གཉིས་འཕར་ཡོད་ཅེས་བསྟན་ཡོད་ལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཧྲིན་ཀྲང་ཝང་ཅན་ཅུན་གྱིས་ཕུལ་བའི་བྱ་བའི་སྙན་ཞུའི་ནང་དུ་ཡང་། བཟོ་ལས་ཅན་དང་མཁར་གྲོང་ཅན་བཟང་ཕྱོགས་སུ་མཉམ་འགུལ་བྱེད་པར་སྐུལ་སྤེལ་གཏོང་དགོས་པ་དང་། མཁར་གྲོང་ཅན་དང་ཞིང་ལས་དེང་རབས་ཅན་ཕན་ཚུན་མཐུན་སྦྱོར་བྱེད་པར་སྐུལ་སྤེལ་གཏོང་དགོས་ཞེས་མཁར་གྲོང་ཅན་གྱི་གལ་ཆེན་རང་བཞིན་ནན་གྱིས་བསྟན་ཡོད།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་འཐུས་མི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་རྫོང་དཔོན་སངས་འབུམ་ལ་མཚོན་ན་ཁོས་ཐེངས་འདིའི་ཚོགས་འདུའི་སྟེང་ཆེས་དོ་སྣང་བྱེད་ཡུལ་ནི་རྨ་ཆེན་རྫོང་གྲོང་ཁྱེར་དུ་སྒྱུར་བའི་བྱ་བ་དེ་རེད།

བཅར་འདྲིའི་སྐད་ཆ། “ངས་སེམས་ཁུར་བྱེད་པའི་དོན་དག་གཙོ་བོ་ང་ཚོ་རྨ་ཆེན་རྫོང་གྲོང་ཁྱེར་དུ་སྒྱུར་བའི་དོན་དག་དེ་ཡིན། ན་ནིང་མཚོ་སྔོན་ཞིང་ཆེན་ཡོངས་ནས་རྫོང་བརྒྱད་གྲོང་ཁྱེར་དུ་བསྒྱུར་རྒྱུར་བཀོད་སྒྲིག་བྱས་པ་དང་། རྨ་ཆེན་རྫོང་དེའི་ནང་གི་གཅིག་ཡིན། ད་ཐེངས་ཚོགས་འདུའི་སྟེང་ངས་བཤད་པའི་རེ་བ་གཙོ་བོ་ཡང་དེ་ཡིན། ”

རྫོང་གྲོང་ཁྱེར་དུ་བསྒྱུར་བ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་གྲོང་ཁྱེར་གྱི་སྒྲིག་བཀོད་ཐད་གནས་པའི་འབུར་ཐོན་གནད་དོན་ལ་ཁ་གཏད་ནས། ཁྱོན་ཡོངས་དང་ཡུན་རིང་བོར་དམིགས་ཏེ་གཏན་འབེབས་བྱས་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པར། རྨ་ཆེན་རྫོང་ནི་རྒྱལ་ཁབ་ཀྱི་གསར་དར་མཁར་གྲོང་ཅན་གྱི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་སྐོར་གསུམ་པའི་གྲས་སུ་བདམས་པ་རེད། རྫོང་གྲོང་ཁྱེར་དུ་བསྒྱུར་ཚེ་ཕན་པ་ཅི་འདྲ་ཡོད་ཅེ་ན། སངས་འབུམ་གྱིས་བཤད་རྒྱུར།

བཅར་འདྲིའི་སྐད་ཆ། “རྫོང་གྲོང་ཁྱེར་དུ་བསྒྱུར་ཐུབ་པར་གྱུར་ཚེ་ཕན་པ་ཧ་ཅང་མང་། རྫོང་གི་ལས་ཁུངས་དང་ལས་བྱེད་པ་ཇེ་མང་ལ་འགྲོ་བ་དང་། རྒྱལ་ཁབ་ཀྱིས་སྟེར་བའི་རྣམ་གྲངས་དང་མ་དངུལ་ཇེ་མང་དུ་འགྲོ་ཞིང་། གྲོང་ཁྱེར་གྱི་དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་ཁ་གསབ་ཀྱང་ཇེ་མང་ལ་འགྲོ་བས། ང་ཚོ་རྨ་ཆེན་རྫོང་གི་དཔལ་འབྱོར་གྱི་ཐད་དང་། འཕེལ་རྒྱས་ཀྱི་ཐད་ལ་ཕན་པ་མང་པོ་ཐོབ་ཐུབ། ”

སངས་འབུམ་གྱིས་བཤད་རྒྱུར། རྨ་ཆེན་རྫོང་གིས་བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་དངོས་འབེབས་བྱེད་པར་དམིགས་ཏེ། མཁར་གྲོང་གི་བགྲོད་ལམ་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། གཅིག་བསྡུས་ཀྱི་དྲོད་འདོན་ཆུ་འདོན། བཙོག་ཆུ་ཐག་གཅོད། གད་སྙིགས་འཕོ་སའི་ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན། མཛེས་པའི་མཁར་གྲོང་འཛུགས་སྐྲུན་སོགས་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་བྱ་བ་བསྒྲུབས་དང་སྒྲུབ་བཞིན་ཡོད་ཟེར། ཡིན་ནའང་། རྨ་ཆེན་རྫོང་གྲོང་ཁྱེར་དུ་བསྒྱུར་བར་རྒྱལ་ཁབ་ཀྱིས་བཏོན་པའི་ཆ་རྐྱེན་གྱི་ཚད་དུ་བསླེབ་དཀའ་བ་དང་། མང་ཚོགས་ཀྱི་འཚོ་བའི་ཐད་དུ་ཡང་གནད་དོན་སྣ་ཚོགས་གནས་ཡོད། འཐུས་མི་སངས་འབུམ་གྱིས་བཤད་རྒྱུར།

བཅར་འདྲིའི་སྐད་ཆ། “ང་ཚོ་རྨ་ཆེན་རྫོང་ནི་འབྲོག་ཁུལ་དང་བོད་ཁུལ་དུ་གནས་ཡོད་ལ། རྫོང་གྲོང་ཁྱེར་དུ་སྒྱུར་བར་མི་གྲངས་དང་གྲོང་ཁྱེར་གྱི་རྣམ་པ། ཁོར་ཡུག་བཅས་ཀྱི་ཐད་ཆ་རྐྱེན་མཐོན་པོ་ཡོད་པས། ང་ཚོ་འབྲོག་ཁུལ་དུ་གནས་པའི་རྨ་ཆེན་རྫོང་ལ་མཚོན་ན་ལོ་གཉིས་གསུམ་གྱི་རིང་ལ་མི་གྲངས་མྱུར་དུ་ཇེ་མང་དུ་གཏོང་རྒྱུ་ཧ་ཅང་དཀའ་བས། རྒྱལ་ཁབ་ཀྱིས་རྫོང་གྲོང་ཁྱེར་དུ་སྒྱུར་བའི་ཐད་ནས་ང་ཚོ་འབྲོག་ཁུལ་ལ་སྲིད་ཇུས་ཐད་ནས་དམིགས་བསལ་སྟེར་རྒྱུ་དང་། ཚད་གཞི་ཇེ་དམའ་རུ་བཏང་སྟེ། སྔ་མོ་ནས་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་རེ་བ་ཧ་ཅང་ཆེན་པོ་བཅངས་ཡོད། ”

རྨ་ཆེན་རྫོང་ལྟ་བུའི་འབྲོག་ཁུལ་གྱི་རྫོང་ཞིག་གྲོང་ཁྱེར་དུ་སྒྱུར་དགོས་ན་ཕྱོགས་གང་ཐད་ནས་དཀའ་ཁག་ཆེན་པོ་ཡོད་པས། རྒྱལ་ཁབ་ཀྱིས་དམིགས་བསལ་གཟིགས་སྐྱོང་གནང་ནས། འབྲོག་ཁུལ་གྱི་རྫོང་འདི་སྔ་མོ་ནས་གྲོང་ཁྱེར་དུ་སྒྱུར་བར་རོགས་རམ་བྱ་རྒྱུ་ནི་འཐུས་མི་སངས་འབུམ་གྱི་སེམས་ཁོང་གི་རེ་འབོད་རེད།

གོང་དུ་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་ཕྱུག་ལོ་དང་ལྷ་རྒྱལ་བཀྲ་ཤིས་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཡིན།
 

གསར་འགོད་པ། ཕྱུག་ལོ། ལྷ་རྒྱལ་བཀྲ་ཤིས།

ལྟ་སྐུལ་པ། དབྱངས་ཅན།

སྤྱིའི་ལྟ་སྐུལ་པ། རྣ་བྷ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།