ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས། > ནང་དོན་གསར་ཤོས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བསྡུས།

སྤེལ་དུས། 2018-03-20 09:46:12   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་འབུམ།

ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་ཐག་བཅད་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་གཉིས་པའི་སྟེང་མིང་བཀོད། ཚོགས་ཆེན་གྱི་ཐག་བཅད་ལྟར། ཐེངས་འདིའི་ཚོགས་ཆེན་སྟེང་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས་གྲོས་འཆམ་བྱུང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་རིམ་པ་བཞིན་བསྐོ་འཇོག་བྱས།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མིང་བཏོན་པ་ལྟར། འདེམ་ཤོག་འཕངས་ཏེ་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས་ཧན་ཀྲིན་དང་སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིག་ཧི་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། ཝེ་ཧྥུན་ཧི་དང་ཝང་ཡུང་། ཝང་དབྱི། ཞོ་ཅན། ཀྲའོ་ཁི་ཀྲི་བཅས་རྒྱལ་སྲིད་ཨུ་ཡོན་ལ་ཐག་བཅད།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཀྲུའུ་ཡིས་འགོ་འཛིན་བྱས་པ་དང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིས་ཡུས་མེ། ལིས་ཅིན་པེན། ཁྲིན་ཆོན་གོ། ཁྲིན་ཆིག་ཧྥ། ཁྲིན་ཧའོ་བཅས་ཀྲུའུ་ཞིའི་སྟེགས་བུའི་ཀྲུའུ་ཞིའི་འདུག་གནས་སུ་བསྡད་ཡོད།

ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མིང་བཏོན་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྒྱལ་སྲིད་ཨུ་ཡོན། པུའུ་སོ་སོའི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན། ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་གཙོ། རྩིས་བཤེར་འགོ་གཙོ། དྲུང་ཡིག་ཆེན་མོ་བཅས་ཀྱི་གདམ་མི་ཐག་གཅོད་རྒྱུ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཕྱི་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མིང་ཐོའི་འཆར་ཟིན་ལ་སོ་སོར་བརྡས་ཐག་གཅོད་རྒྱུ་བཅས་རེད།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་མི་གཞན་དག་གི་གདམ་མིའི་མིང་འདོན་ཡི་གེ་སྒྲོག་འདོན་བྱས།

འདེམ་ཤོག་འབྲི་བ་དང་འཕེན་པ། རྩིས་རྒྱག་པ་བཅས་བྱས་པ་བརྒྱུད། ཉིན་དེའི་དུས་ཚོད་དགུ་དང་སྐར་མ་ང་བརྒྱད་ཀྱི་སྟེང་། འགོ་འཛིན་པས་བློ་མཐུན་ཧན་ཀྲིན་དང་སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིག་ཧི་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཝེ་ཧྥུན་ཧི་དང་ཝང་ཡུང་། ཝང་དབྱི། ཞོ་ཅན། ཀྲའོ་ཁི་ཀྲི་བཅས་རྒྱལ་སྲིད་ཨུ་ཡོན་ལ་བདམས་པ་ཁྱབ་སྒྲོག་བྱས།

འགོ་འཛིན་པས་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་སོ་སོའི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན། ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་གཙོ། རྩིས་བཤེར་འགོ་གཙོ་བཅས་ཀྱི་མིང་ཐོ་ཁྱབ་སྒྲོག་བྱས།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱིས་ཆེད་དོན་ཨུ་ཡོན་ལྷན་ཁང་བཅུ་བཙུགས། དེའི་ནང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ་ལ་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས་གྲོས་འཆམ་བྱུང་བ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གཞན་པ་བརྒྱད་ཀྱི་ཁོངས་མིའི་གདམ་མི་ཀྲུའུ་ཞི་ཚོགས་པས་མིང་བཏོན་རྗེས། འཐུས་ཚབ་ཚོགས་པ་སོ་སོས་གྲོས་བསྡུར་བྱས། འཐུས་ཚབ་ཚོགས་པ་སོ་སོས་གྲོས་བསྡུར་བྱས་པའི་བསམ་འཆར་ལྟར། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་བརྒྱད་ཀྱི་ཁོངས་མིའི་མིང་ཐོའི་འཆར་ཟིན་དེ་ཐེངས་འདིའི་གྲོས་ཚོགས་ལ་སྤྲད་ནས་བརྡས་ཐག་གཅོད་རྒྱུ་ཐག་བཅད།

ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བརྡས་ཐག་གཅོད་པའི་བྱེད་ཐབས་གཏན་འཁེལ་ལྟར། རང་མིང་མི་འགོད་པའི་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་ཆེད་དོན་ཨུ་ཡོན་ལྷན་ཁང་བརྒྱད་ཀྱི་ཁོངས་མིའི་མིང་ཐོ་ལ་གྲོས་འཆམ་བྱུང་།

མིང་ཐོ་ཚང་མར་གྲོས་འཆམ་བྱུང་རྗེས། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྩ་ཁྲིམས་མདུན་དུ་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས་ལྟར། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྒྱལ་སྲིད་ཨུ་ཡོན། དྲུང་ཡིག་ཆེན་མོ་བཅས་ཀྱིས་མཉམ་དུ་དམ་བཅའ་བཞག སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་སོ་སོའི་པུའུ་ཀྲང་དང་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན། ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་གཙོ། རྩིས་བཤེར་འགོ་གཙོ་བཅས་ཀྱིས་ཀྱང་མཉམ་དུ་དམ་བཅའ་བཞག
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།