ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

བྱམས་བརྩེ་ཆེན་པོས་བུ་སློབ་སྐྱོང་།

སྤེལ་དུས། 2018-06-01 09:55:03   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རྟ་མགྲིན་སྐྱབས།
སྙན་སྒྲོན་པ།  ཉན་མཁན་རྣམ་པ། ཁྱེད་ཚོ་བདེ་མོ་ཡིན་ནམ།
ད་ལོ་ནི་རང་རྒྱལ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལོ་རེད། འདས་པའི་ལོ་ངོ་བཞི་བཅུའི་རིང་ལ། མཚོ་སྔོན་ཡང་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བགྲོད་ལམ་སྟེང་བསྐྱོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་ནས་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་སྒོས་ལག་ལེན་དངོས་འབེབ་བྱས་ཏེ་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་བརྗིད་ཆགས་བླ་མེད་ཀྱི་ལོ་རྒྱུས་བརྒྱུད་རིམ་ཞིག་རེད། ལོ་ངོ་བཞི་བཅུའི་རིང་ལ་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་སྟེ་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེས་འདྲའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་སྐུལ་འདེད་ཆེན་པོ་བཏང་། བོད་ཁུལ་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་གྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། སློབ་གསོ་སོགས་ཐད་ཀྱི་འཕེལ་འགྱུར་རྣམ་པ་ཡོངས་སུ་དྲིལ་སྒྲོག་བྱེད་ཆེད། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་ཐེངས་འདིའི་ལེ་ཚན་ནས་བཟུང་ཁ་ཡིག་ལ༼   བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན༽  ཞེས་པའི་བསྟུད་འགོད་ལེ་ཚན་རིང་མོ་ཞིག་རྒྱ་ཆེའི་ཉན་མཁན་རྣམས་ཀྱི་སྙན་ལམ་ཏུ་འབུལ་རྩིས་ཡོད་པས། ཁྱེད་རྣམ་པས་དུས་ལྟར་ཉན་པར་དགའ་བསུ་ཞུ།
བཅོས་སྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུ་ནི་རང་རྒྱལ་སྤྱི་ཚོགས་དུས་རབས་གསར་བའི་བགྲོད་ལམ་ཡངས་པོར་བསྐྱོད་པར་གཟི་འོད་འཕྲོ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡིན་ལ། ལྷག་པར་འདས་པའི་ལོ་ངོ་བཞི་བཅུའི་རིང་རང་རྒྱལ་སྤྱི་ཚོགས་ཀྱི་ནང་བསམ་པའི་དཔལ་ཡོན་དང་ཕྱི་དངོས་པོའི་དཔལ་ཡོན་འཕེལ་འགྱུར་གྱི་བརྒྱུད་རིམ་ལས་རིག་གནས་སློབ་གསོའི་འཕེལ་རྒྱས་ནི་ཀུན་གྱི་གཞི་རྩར་ཐུག་ཡོད་ཅིང་།  རིག་གནས་ཀྱི་གདེང་ཚོད་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཕེལ་རིམ་ཁྲོད་སྔར་ལས་གཞི་རྩ་དང་། སྔར་ལས་གཏིང་ཟབ། སྔར་ལས་ཡུན་རིང་བཅས་སུ་གནས་པའི་སྟོབས་ཤུགས་ཡིན་པ་གསལ་བོར་མཚོན་ཡོད།
ཞོན་ཧྭ་རྫོང་ཀ་རིང་ཞང་དམའ་རིམ་སློབ་འབྲིང་གི་དགེ་རྒན་ཚེ་འཕགས་ནི་དེ་འདྲའི་སྤྱི་ཚོགས་ཤིག་ཏུ་འཚར་ལོངས་བྱུང་བ་དང་། དྲིན་ཆེན་ཕ་མའི་རྒྱབ་སྐྱོར་དང་རང་ཉིད་ཀྱི་ཕུགས་བསམ་བརྟན་པོས་རིམ་བཞིན་སློབ་གྲྭར་འགྲིམས་ཏེ།  གཅིག་དགུ་གོ་དྲུག་ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རྒྱ་སྐད་གཉིས་ཀྱི་དྲུང་ཡིག་ཆེད་ལས་ནས་སློབ་མཐར་ཕྱིན་པ་ནི། སྐབས་དེ་དུས་བོད་ཁུལ་སྤྱི་ཚོགས་ལ་མཚོན་ནའང་བརྒྱ་ཡི་ནང་ནས་གཅིག་ལྟ་བུ་ཡིན་ལ། དེ་བས་ཀྱང་ཞོན་ཧྭ་ཀ་རིང་ས་ཆར་མཚོན་ན་ཤིང་ཡར་སྐྱེས་ནང་གི་ཙན་དན་ལྟ་བུར་གྱུར་ཡོད།
ཞོན་ཧྭ་རྫོང་ཀ་རིང་ཞང་དམའ་རིམ་སློབ་འབྲིང་ནི་གཅིག་དགུ་གོ་དྲུག་ལོའི་ཟླ་དགུ་བར་བཙུགས་ཤིང་། ཏག་ཏག་དགེ་རྒན་ཚེ་འཕགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པ་དང་དུས་གཅིག་ཏུ་འཁེལ་ཏེ། ཕ་ཡུལ་ལ་ཕྱོགས་པའི་སེམས་འདུན་དང་ཕ་ཡུལ་གྱིས་བསྐྱངས་བའི་བཀའ་དྲིན་སེམས་སུ་བཅངས་ནས། ཁོ་རང་ཕ་ཡུལ་ལུང་བར་དགེ་རྒན་གྱི་ལས་སུ་ཐོག་མར་ཞུགས། དགེ་རྒན་ཚེ་འཕགས་ཀྱིས་བཤད་རྒྱུར།
༼  བཅར་འདྲིའི་སྐད་ཆ།
ང་ཚོ་ཀ་རིང་ས་ཆར་མཚོན་ན་སྔོན་ཆད་ཡ་རྫི་རྫོང་གི་མངའ་ཁོངས་སུ་ལྟོས་བཅས་ཀྱིས་རིག་གནས་སློབ་གསོའི་ཆུ་ཚད་དམའ་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བ། དཔལ་འབྱོར་ཅུང་ཞན་པའི་རྐྱེན་གྱིས་ས་འདིར་བྱ་བ་བསྒྲུབ་ཏུ་ཡོང་མཁན་ཤིན་ཏུ་ཉུང་ཉུང་ཡིན། དེ་བས་སློབ་གྲྭ་འདིའི་སྔོན་ཆད་ཀྱི་སློབ་གཙོ་ཤ་བོ་བྱམས་ཀྱིས་རྫོང་སློབ་གསོ་ཅུའུ་ལ་ སྐབས་དེ་དུས་ཀྱི་ཀ་རིང་ས་ཆའི་སློབ་ཆེན་སློབ་མ་རེ་རེའི་མིང་ཐོ་ཕུལ་ཞིང་། སློབ་ཆེན་མཐར་ཕྱིན་སློབ་མ་རྣམས་ངེས་པར་ཏུ་ཕྱིར་རང་གི་ཕ་ཡུལ་ས་ཆར་ལས་བགོས་བྱ་དགོས་པའི་སྙན་ཞུ་ཕུལ་བ་དང་། སློབ་གསོ་ཅུའུ་ཡིས་ཀྱང་དེ་ལྟར་དང་ལེན་བྱས་པའི་མཐུན་རྐྱེན་འོག ང་རང་ཉིད་ཀྱིས་ཀྱང་ཕྱིར་ཞོན་ཧྭ་བོད་ཡིག་སློབ་འབྲིང་དུ་ཡོང་འདོད་ཀྱི་འདུན་པ་ཡར་ཞུ་བྱས་པས་གོ་སྐབས་ལེགས་པོ་དང་འཁེལ་ཏེ་ཀ་རིང་ས་ཆར་ལས་བགོས་བྱས། སྐབས་དེ་དུས་སྤྱི་ཚོགས་ཀྱི་མཁའ་དབུགས་ངན་ངོན་གྱི་ཤུགས་རྐྱེན་འོག རང་ས་གནས་སུ་རིག་གནས་སློབ་གསོའི་འདུ་ཤེས་ཞན་པ་དང་སློབ་གྲྭ་འགྲིམ་མཁན་ཉུང་བས་བོད་སྐད་ཡིག་གི་ལམ་ནས་སློབ་གྲྭའི་སློབ་གསོ་སྐྱོང་བའི་མི་སྣ་དཀོན་པའི་སྣང་ཚུལ་ཞིག་ཆགས་འདུག རྒྱུ་རྐྱེན་དེའི་དབང་གིས་ང་རང་དགེ་རྒན་བྱས་ནས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་གཙོ་བོ་བོད་སྐད་ཡིག་གི་དགེ་རྒན་བྱས་པ་ཡིན། ༽
སྙན་སྒྲོན་པ།    དགེ་རྒན་ཚེ་ཕག་ལ་མཚོན་ན་རང་ཉིད་ཕ་ཡུལ་ལུང་བར་དགེ་རྒན་གྱི་ལས་སུ་ཞུགས་ཐུབ་པ་ནི་སྐྱེ་བ་སྔོན་བསགས་ཀྱི་ལས་འབྲས་ལྟ་བུར་ངོས་འཛིན་གྱིན་ཡོད་ཅིང་། དགེ་རྒན་གྱི་བྱ་བའི་ལས་རྐང་ནས་རང་ས་གནས་ཀྱི་མི་རིགས་སློབ་གསོའི་འཕེལ་རྒྱས་ལ་ཞབས་འདེགས་ཅུང་ཟད་རེ་ཞུ་ཨེ་ཐུབ་ལྟ་རྒྱུ་ནི་ཁོའི་མི་ཚེའི་མཐར་ཐུག་གི་དམིགས་ཡུལ་ལྟ་བུར་བརྩིས་ཡོད། དེ་བས་མི་ལོ་ཉི་ཤུ་ལྷག་གི་རིང་། ཁོས་སློབ་མའི་སློབ་ཁྲིད་ཀྱི་བྱ་བ་དེ་ཉིན་གཅིག་ལའང་སྣང་མེད་དུ་མ་བཞག་པར་ནན་ནན་ཏིག་ཏིག་གིས་བུ་སློབ་མང་པོ་སེམས་ཀྱིས་བསྐྱངས་ཤིང་། ཁོས་ཞོན་ཧྭ་ས་ཆའི་སྔོན་བྱོན་མཁས་པ་རྣམས་ཀྱི་ཞབས་སེན་གྱི་རི་མོ་སྤྱི་བོར་བཀུར་ཏེ། ཀ་རིང་ས་ཆའི་མི་རིགས་སློབ་གསོའི་ལས་དོན་ལ་དཀྱུས་གཅིག་ཏུ་གཞོལ་བས་ད་ལྟ་ཁོའི་བུ་སློབ་སྔ་མ་དག་གི་ཁྲོད་ན་འབུམ་རམས་པ་དང་ཞིབ་འཇུག་པ། སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་ཆེན་མོ་བའང་མི་ཉུང་བ་ཞིག་ཡོད་དེ། དེ་དག་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་གྱི་ཀ་རིང་ས་ཆའི་སློབ་གསོའི་གྲུབ་འབྲས་ཆེན་པོ་ཞིག་ཏུ་ངོས་འཛིན་བྱས་ཆོག ཀ་རིང་དམའ་རིམ་སློབ་འབྲིང་གི་སློབ་གཙོ་ཙང་ཧྥུའུ་ཡིས་བཤད་རྒྱུར།
༼  བཅར་འདྲིའི་སྐད་ཆ།
དགེ་རྒན་ཚེ་འཕགས་ནི་སློབ་མར་ཤ་ཚ་ཞིང་སློབ་ཁྲིད་ཀྱི་བྱ་བ་ནན་ཏན་གྱིས་བསྒྲུབས་མཁན་ཞིག་ཡིན། དེར་མ་ཟད་ཁོང་ནི་ཞོན་ཧྭ་རྫོང་གི་སློབ་གྲྭ་གསུམ་ལས་བོད་ཡིག་གི་དགེ་རྒན་ཨང་དང་པོ་ལྟ་བུ་ཡིན།དེ་བས་ཁོང་ནི་ཀ་རིང་ས་ཆའི་མཐར་ཕྱིན་སློབ་མ་ཚང་མས་ཡིད་སྨོན་འཆོར་ས་དང་། བརྩི་བཀུར་བྱེད་ས་ཞིག་ཏུ་གྱུར་ཡོད་ལ། དེ་མིན་ལོ་རེ་རེའི་མཐར་ཕྱིན་སློབ་མ་རྣམས་ཀྱིས་རྒྱུན་པར་རྩ་འཛུགས་དང་རྩ་འཛུགས་མ་ཡིན་པའི་སྒོ་ནས་ཁོང་ལ་སྐོར་རྒྱག་ཏུ་ཡོང་བའི་གནས་ཚུལ་ཡང་མི་ཉུང་བ་ཞིག་ཡོད། འདི་ལས་དམའ་འབྲིང་གི་ལོ་ངོ་གསུམ་གྱི་རིང་ཁོང་གིས་སློབ་མ་ཚོར་ཤ་ཚ་བ་ཤེས་ཐུབ། གང་ལྟར་ཀྱང་ཁོང་ནི་ང་ཚོ་ཀ་རིང་དམའ་རིམ་སློབ་འབྲིང་གི་མིག་དཔེར་བལྟ་སའི་དགེ་རྒན་བཟང་བོ་ཞིག་ཡིན། ༽
སྙན་སྒྲོན་པ། དགེ་རྒན་ཚེ་འཕགས་ཀྱིས་སློབ་མ་ནི་རང་ཉིད་ཀྱི་བུ་ཕྲུག་དང་རང་ཉིད་སློབ་མའི་ཕ་མ་ཡིན་པའི་བསམ་བློའི་འདུ་ཤེས་བཟུང་སྟེ། ཐོག་མཐའ་བར་གསུམ་དུ་སློབ་མར་སློབ་ཁྲིད་ཀྱི་བྱ་བ་ནན་ཏན་གྱིས་སྒྲུབ་པར་མ་ཟད། ད་དུང་ནང་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་མ་རེ་རེའི་འཚོ་བའི་དཀའ་ཁག་དང་བདེ་འཇགས་ཀྱི་བྱ་བར་ཡང་མ་བསྐུལ་དང་བླངས་སྒོས་དོ་དམ་དང་ཐུགས་ཁུར་རྒྱ་ཆེན་བྱས། དེ་ལྟར་མི་ལོ་ཉི་ཤུ་ལྷག་གི་རིང་ལ་ཆེས་སྤྱིར་བཏང་གི་གཞི་རིམ་དགེ་རྒན་ཞིག་གི་མིང་བྱང་ཕྲག་ཏུ་ཁུར་ནས་སྤྱིར་བཏང་མ་ཡིན་པའི་མི་རིགས་སློབ་གསོའི་ལས་དོན་ལ་མི་ཚེའི་ཕྱེད་ཀ་ཕུལ་བས་དགེ་རྒན་ཚེ་འཕགས་ནི་ད་ལྟ་ཀ་རིང་དམའ་རིམ་སློབ་འབྲིང་གི་དགེ་སློབ་ཡོངས་ཀྱི་མགོའི་རྭ་དང་ཐོད་པའི་འཛི་ལྟ་བུར་གྱུར་ཡོད་པར་མ་ཟད། ས་གནས་མང་ཚོགས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ས་ཞིག་ཏུ་གྱུར་ཡོད། སློབ་མ་སྒྲོལ་དཀར་འཚོ་ཡིས་བཤད་རྒྱུར།
༼  བཅར་འདྲིའི་སྐད་ཆ།
དགེ་རྒན་ཚེ་འཕགས་ཀྱིས་ང་ཚོ་དམའ་གཅིག་ནས་དམའ་གསུམ་གྱི་བར་དུ་བསྐྱངས་འོང་བ་ཡིན་ལ། སློབ་སྦྱོང་གི་ཐད་ནས་རྒྱུན་པར་དགེ་རྒན་ཁོང་ནང་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དཀའ་ཚེགས་མི་དམན་པ་ཞིག་མྱངས་ཀྱིན་ཡོད་པ་དང་། འཚོ་བའི་ཐད་ནས་ཁོང་སྒེར་གྱི་ངོས་ནས་ང་ཚོར་སྨྱུག་གུ་དང་འབྲི་དེབ་སོགས་ཀྱང་མང་པོ་ཉོ་མྱོང་། ངའི་སེམས་སུ་དགེ་རྒན་ཚེ་འཕགས་ནི་ང་ཚོར་བཀའ་དྲིན་ཤིན་ཏུ་ཆེ།༽
སྙན་སྒྲོན་པ། ཡང་གཅིག་བསམ་ན། དགེ་རྒན་ཚེ་འཕགས་ཁོང་སློབ་ཆེན་ནས་མཐར་ཕྱིན་པའི་སྐབས་དེ་ནི་སྤྱི་ཚོགས་ཐོག་ལྟོས་བཅས་ཀྱིས་རྒྱལ་ཁབ་ཀྱི་བྱ་བའི་ལས་རྐང་རེག་སླ་བར་མ་ཟད། བོད་རྒྱ་སྐད་གཉིས་ཀྱི་དྲུང་ཡིག་ཆེད་ལས་སྦྱངས་བའི་སློབ་གྲྭ་ཆེན་མོ་བ་ཞིག་ལ་མཚོན་ན་གཞི་རིམ་དགེ་རྒན་གྱི་བྱ་བའི་ལས་རྐང་ལས་ལྡབ་འགྱུར་གྱིས་བཟང་བའི་བྱ་བ་ཞིག་རྙེད་སྲིད་པ་ཐག་གིས་བཅད་ཆོག ཡིན་ནའང་། བྱ་རྒོད་པོས་གནམ་འཕང་བཅད་ཅིང་། ཕྱིར་འཁོར་ས་བྲག་དམར་ཐེམ་ཡིན་ཞེས་པའི་དཔེ་ལྟར། དགེ་རྒན་ཚེ་འཕགས་ནི་དེ་ལས་ལྡོག་སྟེ། སློབ་མཐར་ཕྱིན་རྗེས་ཕྱིར་རང་གི་ཡུལ་ཕྱོགས་སུ་འཁོར་ནས་སྐད་ཡིག་དགེ་རྒན་གྱི་རྒྱུན་འཛིན་པ་བྱས་ཏེ། སློབ་བུ་དྲུག་བརྒྱ་ལྷག་སྐྱེད་བསྲིང་བྱས་པས་དེ་ནི་དགེ་རྒན་ཚེ་འཕགས་ཁོང་རང་ཉིད་ཀྱི་སེམས་སུའང་དགའ་ལྷང་ལྷང་གི་མི་ཚེའི་གདམ་ཀ་མ་ནོར་བ་ཞིག་ཏུ་བརྩིས་ཡོད། དགེ་རྒན་ཚེ་འཕགས་ཀྱིས་མི་ལོ་ཉི་ཤུ་ལྷག་གི་དགེ་རྒན་གྱི་ལས་དོན་ལ་སྤྱི་སྡོམ་གྱི་ཚུལ་དུ་བཤད་རྒྱུར།
༼  བཅར་འདྲིའི་སྐད་ཆ།
སྤྱིར་དགེ་རྒན་བྱ་འདོད་ཀྱི་བསམ་བློ་འདི་ལྟ་བུ་ནི་ང་རང་དམའ་འབྲིང་གི་དུས་སུ་སྐྱེས་པ་ཡིན་ལ། དེ་ཡང་སྔོན་བྱོན་དགེ་རྒན་དམ་པ་རྣམས་ཀྱི་བཀའ་དྲིན་དང་མ་དཔེ་བཟང་བོས་ལོས་ཡིན་སྙམ། གང་ལྟར་དགེ་རྒན་བྱས་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་འདིར། མཚམས་རེར་སློབ་མ་ཚོར་སློབ་ཁྲིད་བྱས་པའི་ཐོབ་སྣང་དང་གྲུབ་འབྲས་ལས་ཐོག་མའི་མི་ཚེའི་གདམ་ཀ་མ་ནོར་རོ་སྙམ་པས་དགའ་བ་སྐྱེས་མྱོང་ལ། ཡང་ལན་རེར་བྱ་བའི་དཀའ་སྡུག་དང་སེམས་ཚགས་བསམ་པས་སྐྱོ་བའང་སྐྱེས་མྱོང་། ཡིན་ནའང་། ད་ལྟ་ད་དུང་ཡང་སྔོན་གྱི་སློབ་མ་ཚོས་དགེ་རྒན་ཞེས་མིང་གིས་འབོད་ཐེངས་རེ་རེར་དང་། སེམས་དྲོ་བའི་སྐད་ཆ་འདྲ་མིན་ཐོས་ཐེངས་རེ་རེར། སྔོན་གྱི་ཕུགས་བསམ་དང་ད་ལྟའི་གྲུབ་འབྲས་འདི་ཙམ་མོ་ལས་དགེ་རྒན་གྱི་ལས་གནས་འདི་ལ་སྔར་བས་དུང་ཞེན་དང་ཡིད་ཆེས་བླ་མེད་སྐྱེས་འོང་། ༽
སྙན་སྒྲོན་པ།  མི་ཚེ་ནི་དཀའ་སྡུག་གིས་གྲུབ་པ་ཡིན་ལ་དཀའ་སྡུག་ལ་མགོ་བོ་མི་སྒུར་བའི་སྙིང་སྟོབས་དང་ལག་ལེན་ནི་མི་ཚེའི་བདེ་སྐྱིད་ཀྱི་གཞི་མ་ཡིན། དེ་བས་དགེ་རྒན་ཚེ་འཕགས་ལ་མཚོན་ན་ཐོག་མའི་དཀའ་སྡུག་དང་རྔུལ་ཆུ་ནི་མཐའ་མའི་གྲུབ་འབྲས་དང་བདེ་སྐྱིད་ཅིག་ཏུ་སྙམ་ཡོད་ཅིང་། འདི་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་གི་ཀ་རིང་ས་ཆའི་སློབ་གསོ་འཕེལ་རྒྱས་ཀྱི་དཔེ་རིས་ཆེན་པོ་ཞིག་ཀྱང་ཡིན་པར་འདོད་ཡོད།
微信图片_20180503111516.jpg
ཀ་རིང་ཞང་དམའ་རིམ་སློབ་འབྲིང་གི་དགེ་རྒན་ཚེ་འཕགས་ལ་བཅར་འདྲི་བྱེད་བཞིན་པ། 
微信图片_20180503111348.jpg
ཀ་རིང་དམའ་རིམ་སློབ་འབྲིང་གི་སློབ་གཙོ་ཙང་ཧྥུའུ་ལ་བཅར་འདྲི་བྱེད་བཞིན་པ།
微信图片_20180601110028.jpg
སློབ་མ་སྒྲོལ་དཀར་འཚོ་ལ་བཅར་འདྲི་བྱེད་བཞིན་པ།
གསར་འགོད་པ། རྟ་མགྲིན་སྐྱབས། བསོད་ནམས་ཚེ་རིང་། སྐར་མ་འཚོ། ཤ་བོ་གསེར་འཚོ།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ། 
 
 
 
 
 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།