ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

སྐྱིད་སྡུག་འདྲེས་མའི་མི་ལོ་བཞི་བཅུ།

སྤེལ་དུས། 2018-06-04 16:23:31   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རྟ་མགྲིན་སྐྱབས།
སྙན་སྒྲོན་པ། ཉན་མཁན་རྣམ་པ། ཁྱེད་ཚོ་བདེ་མོ་ཡིན་ནམ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིསབརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མཡིན་ཞེས་བསྟན་པ་ནང་བཞིན།  ང་ཚོ་མི་སུ་ལ་མཚོན་ནའང་རང་ཉིད་ཀྱི་ཐབས་ཤེས་དང་འཇོན་ནུས་ལ་བརྟེན་ནས་རང་ཉིད་ཡར་རྒྱས་དང་བདེ་སྐྱིད་ཀྱི་ལམ་དུ་བསྐྱོད་པར་སྐྱིད་ཉི་ཐིག་ཙམ་ཞིག་འཐོབ་པར་སྡུག་རི་རབ་འདྲ་ཞིག་བརྒལ་ཐུབ་པའི་སྙིང་རུས་དང་བརྩོན་སེམས་དགོས་ལ། གནའ་མིའི་ཁ་དཔེར་ཡང་སྡུག་གི་སྨུག་ལོང་དྭངས་ཤུལ་ན་སྐྱིད་ཀྱི་ཉི་འོད་དྲོད་ལེ་ཡོད་ཟེར་བ་བཞིན། སྡུག་བརྩོན་པས་བསྐྱལ་ན་སྐྱིད་ཡུན་གྱིས་འཁོར་ཡོང་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཏུ་གྲུབ་ཡོད་ལ། དེ་ལས་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་རྐང་ཚ་ཞང་ཁ་སོ་སྡེ་བའི་ཀུན་བཟང་རྒྱལ་མཚན་ནི་བདེན་གྲུབ་ཀྱི་དཔེ་གཞི་ལེགས་ཤོས་ཤིག་ཏུ་བགྲང་ཆོག
ཁོ་ནི་ལོ་རབས་བདུན་ཅུའི་དུས་དཀྱིལ་ཙམ་ལ་ཁ་སོ་སྡེ་བའི་འབྲོག་ཁྱིམ་ཕལ་ཞིག་ཏུ་སྐྱེས་ཤིང་། རང་རྒྱལ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་གྱི་ལོ་ངོ་བཞི་བཅུའི་ ལོ་ཟླ་དང་རྟ་ཁ་མཉམ་གཤིབ་ཀྱི་ཚུལ་གྱིས་ནར་སོན་པ་ཞིག་ཡིན་ལ། ཆུང་དུས་ནས་སློབ་གྲྭའི་སྒོ་ཐེམ་ལ་རྡོག་ཁ་འཇོག་པའི་སྐལ་བ་མ་ལྡན་ནའང་དྲིན་ཕ་མའི་རེ་བ་སྟོང་དུ་མ་བཅུག ནང་བཟའ་མིའི་ལྟོ་རྒྱབ་འཁྱགས་ཏུ་མ་བཅུག་པར་ཕོ་ལོ་ཉི་ཤུའི་རང་བྱ་རང་གིས་བསྒྲུབས་ཤིང་། རང་ཁྱིམ་རང་གིས་བསྐྱངས་བའི་བརྒྱུད་རིམ་ནི་དགའ་སྐྱོ་ཟུང་དུ་འདྲེས་པའི་མི་ཚེའི་གཏམ་རྒྱུད་རིང་མོ་ཞིག་ཡིན། ཀུན་བཟང་རྒྱལ་མཚན་གྱིས་བཤད་རྒྱུར།
༼   བཅར་འདྲིའི་སྐད་ཆ།
ང་རང་ཆུང་ངུའི་དུས་སུ་སྤྱི་ཚོགས་ཀྱི་མཁའ་དབུགས་དེ་འདྲ་བཟང་རྒྱུ་མེད་པས་རྐྱེན་གྱིས་མང་ཚོགས་སྤྱིའི་འཚོ་བའང་ཅུང་དཀའ་སྡུག་ཆེ་བའི་དུས་ཤིག་རེད། དེ་ནས་ང་ལོ་ཉི་ཤུ་ཡས་མས་ཡིན་དུས་རང་ཁྱིམ་ཚང་ལ་མཚོན་ན་ལྟོས་བཅས་ཀྱིས་དཀའ་ཁག་ཆེན་པོ་མེད་ལ། གཞན་ལ་ཕན་མི་ཐོགས་ནའང་གཞན་ལ་རེ་ཡང་མི་དགོས་པའི་ངང་ནས་ལོ་དུ་མ་བསྐྱལ་མྱོང་། ཡིན་ནའང་། དེའི་རྗེས་ང་ལོ་ཉི་ཤུའི་ནང་དུ་རང་བྱུང་གི་གནོད་འཚེ་དང་ནད་ཡམས་སོགས་ཀྱི་རྐྱེན་གྱིས་ཕྱུག་ཟོག་ལ་གོད་ཆག་ཆེན་པོ་ཐེབས་ཤིང་ཁྱིམ་ཚང་ཧ་ཅང་དབུལ་བོར་གྱུར། སྐབས་དེར་ངེད་ཚང་ལ་ཁྱིམ་མི་ཅུང་མང་བའི་ཁར་ཕྱུག་ཟོག་གི་འཚོ་རྟེན་དཀོན་པའི་དཀའ་སྡུག་འོག ཕ་མ་གཉིས་ལ་མཚོན་ནའང་འགན་ཁུར་ཧ་ཅང་ལྗིད་མོ་ཞིག་ཕྲག་ཏུ་བབས་འདུག དེ་བས་རང་ཉིད་ལ་དམིགས་ཡུལ་ཆེན་པོ་མེད་ནའང་། ཕྱི་ཕྱོགས་སུ་སོང་སྟེ་ལས་ཀ་ཙག་ཙིག་རེ་བཙལ་ནས་ཁྱིམ་ཚང་གི་འཚོ་བའི་དཀའ་སྡུག་ཅུང་ཙམ་སེལ་ཨེ་ཐུབ་ལྟ་འདོད་ཀྱི་བསམ་ཚུལ་དེ་ནང་མི་དང་གྲོས་ཁ་གཅིག་ཏུ་མཐུན་ནས་ཧི་ནན་རྫོང་དུ་འགྲོ་རྒྱུ་ཐག་གིས་བཅད། ༽
སྙན་སྒྲོན་པ།   ཀུན་བཟང་རྒྱལ་མཚན་ནི་ཕྱུགས་ལས་ཁོ་ན་གཉེར་བའི་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ལས་འཚར་ལོངས་བྱུང་བ་ཞིག་ཡིན་ནའང་། ཁོས་ཕ་མ་གཉིས་ཀྱི་མི་ཚེའི་བཤུལ་ལམ་ལ་དཔེ་ལྟོས་དང་རང་གི་མ་འོངས་ལམ་ཁ་ལ་རྒྱང་མིག་འཕེན་བཞིན། ཡུལ་མི་ཁྱིམ་མཚེས་ཀུན་གྱི་བློ་ཡུལ་ལས་འདས་པའི་ཚོང་ལས་ཀྱི་ལམ་ཁ་གསར་བ་ཞིག་བསྙེག་མགོ་བརྩམས་ཤིང་། ལམ་ཁ་དེར་ཞུགས་མ་ཐག་པའི་ཀུན་བཟང་རྒྱལ་མཚན་ནི་ས་ཐག་རིང་འགྲམ་པའི་རིག་གནས་མེད། ལས་དོན་ཆེན་བསྒྲུབ་པའི་དཔལ་འབྱོར་མེད་ནའང་། རྒྱབ་དཔུང་བ་འཁེན་ས་བཟའ་ཚང་དང་ལས་ཅི་འགྲུབ་ཐོད་པའི་ཁ་ཡིག་བྱས་ནས་རྨ་ལྷོ་ཁུལ་ཧི་ནན་རྫོང་དུ་ཕྱིན་ཏེ་འཚོ་བའི་དཀའ་ཁག་གི་ཞྭ་མོ་ཕུད་པ་ནི་མི་ཚེའི་ཉིན་ཞག་གི་སྐྱིད་སྡུག་ལ་བརྗེས་པའི་ལེའུ་གཞན་ཞིག་ཏུ་སྨྲ་ཆོག ཀུན་བཟང་རྒྱལ་མཚན་གྱིས་མུ་མཐུད་ནས་བཤད་རྒྱུར།
༼   བཅར་འདྲིའི་སྐད་ཆ།
2004ལོར། ཐོག་མར་ཧི་ནན་རྫོང་དུ་འགྲོ་དུས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པས་ལམ་གླའི་དངུལ་ཉུང་ཙམ་ལས་འཁྱེར་དུ་རུང་བའི་དངོས་པོ་ཅི་ཡང་མེད་པར་དྲིན་ཕ་མ་དང་འབྲལ་དཀའ་བོ་བྱུང་བ་དང་། སྐབས་དེ་དུས་ཞོན་ཧྭ་ནས་ཧི་ནན་རྫོང་གི་ལམ་ཐག་ཡང་ཤིན་ཏུ་རིང་བའི་བསམ་པ་ཞིག་འདུག ཧི་ནན་རྫོང་དུ་སོང་བའི་ཐོག་མའི་ལོ་དེར་ས་དེ་གར་ཡོད་པའི་ཤ་ཉེ་དང་གྲོགས་པོ་དག་གི་སྣེ་ཁྲིད་འོག  དབྱར་རྩྭ་བརྐོ་སའི་ས་ཆ་ཞིག་ཉོས་ཏེ་ངེད་བཟའ་མི་གཉིས་ཀྱིས་དབྱར་རྩྭ་བརྐོས་པ་ཡིན། ས་དེ་ཉོ་དུས་རང་ཉིད་ལ་ཐ་ན་ཚོང་རྟགས་རྒྱག་བྱེད་ཙམ་ཡང་མེད་པས་མི་གཞན་པ་བར་འདུག་བྱས་ནས་ཉོས་ཤིང་། ངེད་བཟའ་མི་གཉིས་དང་ངེད་ཚང་གི་ཉེ་རིང་མི་འགའ་ཡིས་བརྐོས་པ་ཡིན། སྟབས་ལེགས་པ་ཞིག་ལ་ལོ་དེ་ནི་སྨན་རྩྭ་མང་བའི་ལོ་ཞིག་ཡིན་པས་ངེད་བཟའ་མི་གཉིས་ཀྱིས་སྒོར་སྟོང་བརྒྱད་ཙམ་བཙལ་ཐུབ་སོང་། དེའི་རྗེས་ནས་དབྱར་ཁར་ཧི་ནན་རྫོང་གི་སྲང་བར་དུ་མར་དང་ཆུར་བ། བལ་སོགས་ཀྱི་ཚོང་ཙག་ཙིག་གཉེར་བའི་ཁྲོད་དུ་ཞུགས་ཤིང་། ཉིན་གཅིག་ལ་སྒོར་བཅུ་ནས་བཅུ་ལྔ། ཡང་ན་ཉི་ཤུ་ནས་སུམ་ཅུ་བཙལ་ཐུབ་ཀི དེ་ལྟར་ཉིས་སྟོང་བདུན་གྱི་ལོར་ཧི་ནན་རྫོང་ཐོག་ཏུ་ཟ་ཁང་ཆུང་ཆུང་ཞིག་ཕྱེས་པ་ཡིན། ཟ་ཁང་དེ་ཕྱེ་དུས་ཀྱང་ཡོང་སྒོ་རྒྱ་ཆེན་པོ་ཞིག་མ་བསམ། རང་ཁྱིམ་ཚང་གི་ལྟོ་རྒྱབ་ལ་འདང་རྒྱག་མེད་པ་ཞིག་ཨེ་ཡོང་བསམ་པ་ཡིན། ཡིན་ནའང་། རང་ཉིད་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ལ་ཟ་ཁང་བཙུགས་ནས་ལོ་གཅིག་དང་གཉིས་འགོར་རྗེས། ངའི་ཟ་ཁང་དེར་མགྲོན་པོ་ཧ་ཅང་མང་ཞིང་། ཧི་ནན་རྫོང་གི་ཟ་ཁང་ཆེས་དགའ་གྲས་སུ་ཚུད། དེ་བས་ད་ལྟའི་བར་ལོ་ངོ་བཅུ་ལྷག་གི་རིང་ལ་ཟ་ཁང་འདི་གཉེར་ནས་བསྡད་པ་ཡིན་ལ། ད་ལྟ་ལོ་གཅིག་རིང་ཡོང་སྒོ་སྒོར་ཁྲི་སུམ་ཅུ་ནས་བཞི་ཅུ་ཙམ་ཡོད་འདུག ༽
སྙན་སྒྲོན་པ།  ཀུན་བཟང་རྒྱལ་མཚན་ནི་མིག་སྔའི་འཕེལ་རྒྱས་ཆུང་ངུ་ཙམ་ལ་ཡིད་ཚིམ་ནས་འདུག་མཁན་ཞིག་མ་ཡིན་པར་དེ་ལས་ལྡོག་སྟེ། ཁོས་ཐོག་མའི་ཟ་ཁང་གི་ཡོང་འབབ་ཇེ་མཐོར་སོང་བ་དང་བསྟུན་ནས་ཉིས་སྟོང་བཅོ་ལྔ་ལོར་ཡང་བསྐྱར་ཧི་ནན་རྫོང་ཐོག་ཏུ་མ་དངུལ་སྒོར་ཁྲི་བརྒྱད་ཅུ་ལྷག་གིས་ཁང་ས་ཉོས་ཤིང་། ཁང་ས་དེའི་ཐོག་ཏུ་མ་དངུལ་སྒོར་ཁྲི་ལྔ་བརྒྱ་ལྷག་བཏང་ནས་ཁང་བརྩེགས་ཤིག་ལས་ནས་གྲུབ་པ་དང་། ད་ལྟ་ཁང་བརྩེགས་དེའི་ནང་དུ་ཁྲུང་ཁྲུང་དཀར་མོའི་གསོལ་ཁང་ཆེན་མོ་ཞེས་པའི་གཞི་རྒྱ་སྔར་ལས་ཆེ་ཞིང་། མཐུན་རྐྱེན་སྔར་ལས་ཕུན་སུམ་ཚོགས་པའི་རང་འདེམས་ཟ་ཁང་ཞིག་འཛུགས་མུས་ཡོད།  ཀུན་བཟང་རྒྱལ་མཚན་གྱི་དཀའ་སྡུག་དང་སྙིང་རུས་འདི་ལྟ་བུ་ལས་ཁོ་རང་ཉིད་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་མ་ཟད། ཁ་སོ་སྡེ་བའི་སྡེ་མི་མང་ཆེ་ཤོས་ཤིག་ལའང་སེམས་ཤུགས་དང་ཡིད་ཆེས་ཐོབ་སྟེ། སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ལས་དུས་རབས་དང་འཚམ་པའི་འཚོ་ཐབས་གཞན་ཞིག་བསྙེག་འདོད་ཀྱི་འདུན་པ་སྐྱེས་ཤིང་། དེ་བཞིན་དུ་ཁོས་རང་ཉིད་ཀྱི་ཉམས་མྱོང་དང་ནུས་པར་བརྟེན་ནས་སྡེ་བ་ཁྱོན་ཡོངས་ནས་དཔལ་འབྱོར་གོང་འཕེལ་དང་འཚོ་བ་བདེ་སྐྱིད་ལྡན་པར་བརྩོན་པའི་གཞན་ཕན་གྱི་ལྷག་བསམ་ལ་རྐང་ཚ་ཞང་སྲིད་གཞུང་གིས་ཀྱང་ཁས་ལེན་དང་གདེང་འཇོག་མཐོན་པོ་གནང་སྟེ། ཉིས་སྟོང་བཅུ་བདུན་ལོར་ཁ་སོ་སྡེ་བའི་སྡེ་དཔོན་དུ་བསྐོས། རྐ་ཚ་ཞང་གི་ཞང་ཀྲང་སྙིང་ལྕགས་རྒྱལ་གྱིས་བཤད་རྒྱུར།
༼   བཅར་འདྲིའི་སྐད་ཆ།
རྐང་ཚ་ཞང་ཁ་སོ་སྡེ་བའི་སྡེ་དཔོན་ཀུན་བཟང་རྒྱལ་མཚན་ཡིན་ན། གསར་བུ་ཆུང་ཆུང་རེད། ཡིན་ནའང་ད་ལྟ་ཡང་ཁོས་སྡེ་བའི་ནང་གི་མི་སྣ་སྐོར་ཞིག་རྩ་འཛུགས་བྱས་ཏེ། མི་ལ་ལ་ཞིག་དབྱར་རྩྭ་བརྐོ་རུ་མངགས་པ་དང་ཡང་ལ་ལ་ཞིག་ལ་དབྱར་རྩྭའི་ཚོང་གཉེར་དུ་འཇུག་པ། ད་དུང་མི་ལ་ལ་ཞིག་ལ་ཟ་ཁང་དང་སྐྲ་བཞར་ཁང་། མོའོ་ཐོའོ་ཞིག་གསོ་ཁང་སོགས་གཉེར་དུ་བཅུག་ཡོད་པས། ཁ་སོ་སྡེ་བར་མཚོན་ན་ཁྱིམ་ཚང་དྲུག་ཅུ་ལྷག་ལས་ཁྱིམ་ཚང་ཉི་ཤུ་ལྷག་གིས་ཕྱི་ཕྱོགས་སུ་ཚོང་ལས་གཉེར་ཏེ། འབྱོར་ཕྱུག་གི་ལམ་དུ་སྐྱོད་བཞིན་ཡོད་པས་གཞན་དང་མི་འདྲ་བའི་སྔོན་ཐོན་གྱི་སྡེ་བ་ཞིག་ཡིན། འདི་དག་ཚང་མ་ཡང་ཀུན་བཟང་རྒྱལ་མཚན་གྱི་སྣེ་ཁྲིད་ཀྱི་ནུས་པ་བཟང་བས་ཡིན། ༽
སྙན་སྒྲོན་པ།  ཀུན་བཟང་རྒྱལ་མཚན་ལ་མཚོན་ན་ད་ལྟ་རྨ་ལྷོ་སོག་རྫོང་གི་ཟ་ཁང་བདག་དམ་གྱི་ཞར་ལ་ཕྱིར་རང་ཡུལ་གྱི་སྡེ་བའི་ཁ་མགོ་རྔའི་བྱ་བར་ལྟ་སྐྱོང་བྱ་རྒྱུ་ནི་དཀའ་ལས་ཧ་ཅང་ཆེན་པོ་ཡོད་ཀྱང་། ཁོས་གཅིག་ཏུ་ཕ་ཡུལ་གྱི་འཕེལ་རྒྱས་བསམ་པ་དང་། གཉིས་སུ་ཡུལ་མིའི་རེ་བ་མ་བཅག་པར་སྡེ་དཔོན་གྱི་འགན་འཁྲི་དང་དུ་བླངས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་སུ་ཐབས་བརྒྱ་ཇུས་སྟོང་གིས་འབད་འབུང་ལྷུར་ལེན་བྱས་པའི་དཀའ་སྤྱད་དང་ལྷག་བསམ་ལ་སྡེ་མི་སུ་ཡིན་ཡང་རྟ་ར་ར་དང་སྒ་ཁྲ་ཁྲའི་ཚུལ་གྱིས་བསྟོད་བསྔགས་མི་བྱེད་པ་གཅིག་ཀྱང་མེད། ཁ་སོ་སྡེ་བའི་སྡེ་མི་བཀྲ་ཤིས་དོན་འགྲུབ་ཀྱིས་བཤད་རྒྱུར།
༼   བཅར་འདྲིའི་སྐད་ཆ།
སྡེ་དཔོན་ཀུན་བཟང་རྒྱལ་མཚན་ལ་མཚོན་ན་སྡེ་བའི་ན་གཞོན་ཚོ་རྩ་འཛུགས་བྱས་ཏེ་ཚོང་ལས་ཀྱི་ལམ་དུ་སྣེ་འཁྲིད་པའི་སྡེ་དཔོན་བཟང་བོ་ཞིག་ཡིན།
སྙན་སྒྲོན་པ། རང་རྒྱལ་བཅོས་བསྒྱུར་སྒོ་འབྱེད་བྱས་མ་ཐག་པའི་དུས་རབས་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འོག ལས་དབང་དཀར་ནག་གི་རྩེད་མཚར་ལ་ཡིད་ཕམ་དང་ཕྱི་བཤོལ་མེད་པར་མ་འོངས་ཕུགས་འདུན་གྱི་ལམ་ཁར་སྟོབས་ཀྱིས་བསྙེག་པ་ནི་ཀུན་བཟང་རྒྱལ་མཚན་གྱི་ཆེས་སྤྱིར་བཏང་ཡིན་ལ་སྤྱིར་བཏང་མ་ཡིན་པའི་མི་ལོ་བཞི་བཅུའི་སྐྱིད་སྡུག་གི་འཚོ་བ་ཡིན་ལ། འཚོ་བའི་བརྒྱུད་རིམ་དེ་ལས་ཁོ་ལ་སྔར་མེད་ཀྱི་སྤོབས་པ་དང་ཡིད་ཆེས་ཐོབ་སྟེ། དུས་རབས་གསར་བའི་ལམ་ཁ་རྡོག་པས་ཟིན་ཅིང་འདས་པའི་དཀའ་སྡུག་གི་ཕོར་ཁར་མར་ཞག་བསྐྱིལ་བ་དང་། ད་ལྟ་ཁོས་རྣམ་ཀུན་མི་གཞན་ལ་བཤད་འདོད་པ་ཡང་མི་ལ་བརྩོན་འགྲུས་ལྡན་གྱུར་ན།། མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པའི་ལེགས་བཤད་རྨ་མེད་པ་དེ་ཡིན།
微信图片_20180604162356.jpg
རྐ་ཚ་ཞང་གི་ཞང་ཀྲང་སྙིང་ལྕགས་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ།
微信图片_20180604161905.jpg
ཀུན་བཟང་རྒྱལ་མཚན་ལ་བཅར་འདྲི་བྱེད་བཞིན་པ།
微信图片_20180604162343.jpg
 ཁ་སོ་སྡེ་བའི་སྡེ་མི་བཀྲ་ཤིས་དོན་འགྲུབ་ལ་བཅར་འདྲི་བྱེད་བཞིན་པ།
གསར་འགོད་པ། རྟ་མགྲིན་སྐྱབས། སྐར་མ་འཚོ། བསོད་ནམས་ཚེ་རིང་། ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ། 
 
མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།