ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

དཀའ་ཐུབ་ཀྱི་ཀློང་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་ལྷ་རྒྱལ་ཚེ་རིང་།

སྤེལ་དུས། 2018-06-05 14:47:12   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐར་མ་འཚོ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི<<བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན>>ཅེས་པའི་བསྟུད་འགོད་ཆེད་སྒྲིག་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐར་མ་འཚོ་དང་རྟ་མགྲིན་སྐྱབས།བསོད་ནམས་ཚེ་རིང་།ཤ་བོ་གསེར་མཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་དཀའ་ཐུབ་ཀྱི་ཀློང་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་ལྷ་རྒྱལ་ཚེ་རིང་ཞེས་པ་གཏང་རྒྱུ།

སྙན་སྒྲོན་པ། ཉེ་བའི་ལོ་འདི་དག་གི་རིང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་རོགས་རམ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱས་པ་བརྒྱུད་ནས་མང་ཚོགས་ལ་མཚོན་ན་ཡང་རང་ཉིད་ཀྱི་དཀའ་སྤྱད་དང་འབད་བརྩོན་བྱེད་དགོས་པའི་ངེས་ཤེས་ཟབ་མོ་ཐོབ་པ་དང་། འདུ་ཤེས་དེར་བརྟེན་ནས་རང་ཉིད་ཀྱིས་ཀྱང་གྲུབ་འབྲས་མི་དམན་པ་ཞིག་བླངས་ཏེ་འཚོ་བ་ཡང་བདེ་སྐྱིད་ཀྱི་ལམ་བུར་བསྙེགས་བཞིན་ཡོད། མཚོ་སྔོན་ཞིང་ཆེན་ཞོན་ཧྭ་རྫོང་ལ་མཚོན་ནའང་འདས་པའི་ལོ་ངོ་བཞི་བཅུའི་རིང་ཏང་གི་སྲིད་ཇུས་བཟང་བོའི་འོག་འབད་པ་ལྷོད་མེད་བྱས་པས་ཕྱོགས་གང་ཅིའི་ཐད་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལྷ་རྒྱལ་ཚེ་རིང་ནི་འགྱུར་ལྡོག་དེའི་ཁྲོད་ནས་འཚར་ལོངས་བྱུང་བའི་མི་བུ་དཀྱུས་མ་ཞིག་ཡིན་ལ། ཁོང་ཆུང་དུས་སུ་ཁྱིམ་ཚང་གི་ཆ་རྐྱེན་ཞན་པས་སློབ་གྲྭར་འགྲིམས་པའི་སྐལ་བ་མ་ལྡན་མོད།ས་གནས་སྲིད་གཞུང་གི་ཐུགས་ཁུར་འོག་རང་ཉིད་ཀྱི་དཀའ་བས་བསགས་པའི་འབྲས་བུར་བརྟེན་ནས་ད་ལྟ་གངས་ལྷ་མི་རིགས་མཁོ་ཆས་ཚད་ཡོད་ཀུང་ཟིའི་སྦྱིན་བདག་ཞིག་ཏུ་གྱུར་ཡོད།འདི་ནི་ང་ཚོས་འཚོལ་གྱིན་པའི་ལོ་ཟླའི་བཤུལ་ལམ་ལ་ཞབས་རྗེས་འགོད་མཁན་དེ་དང་ལོ་ངོ་བཞི་བཅུའི་འཕོ་འགྱུར་གྱི་གསང་བ་བརྟོལ་མཁན་དེ་མ་ཡིན་ནམ། ང་ཚོ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་བཅར་འདྲིའི་ཚན་ཆུང་མཚོ་ཤར་ཞོན་ཧྭ་རྫོང་བིས་མདོ་ཞང་ར་ལུང་བ་སྡེ་བར་སོང་ནས་ས་གནས་དེ་གའི་གངས་ལྷ་མི་རིགས་མཁོ་ཆས་ཚད་ཡོད་ཀུང་ཟིའི་སྦྱིན་བདག་ལྷ་རྒྱལ་ཚེ་རིང་ལ་བཅར་འདྲི་བྱས་པ་ན། ཁོས་བཤད་རྒྱུར།
ལྷ་རྒྱལ་ཚེ་རིང་། ང་རང་ཉིད་ཆུང་དུས་སུ་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་མི་བཟང་བས་སློབ་གྲྭའང་འགྲོ་མ་ཐུབ། རྒྱ་ཡིག་དང་བོད་ཡིག་གང་ཡིན་ནའང་རང་གི་མིང་མ་གཏོགས་འབྲི་མི་ཤེས། ཡིན་ཡང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་རོགས་རམ་འོག་ང་རང་གིས་ཀྱང་གངས་ལྷ་མི་རིགས་མཁོ་ཆས་ཚད་ཡོད་ཀུང་ཟིའི་བཟོ་གྲྭ་འདི་བཙུགས་པ་ཡིན།དེ་ཕྱེས་ནས་ལོ་བརྒྱད་ནས་དགུ་འགོར་སོང་། ད་སྐབས་ང་ཡིན་ནའང་སྔོན་ཆད་དང་བསྡུར་ན་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་སོང་འདུག དེའི་རྐྱེན་གྱིས་མི་ཞིག་ལ་མཚོན་ན་རང་གི་ཧུར་བརྩོན་དང་འབད་པ་བྱས་ནས་བྱ་བ་ལས་ན་རང་ཉིད་ལ་བྱ་བའི་གྲུབ་འབྲས་འདི་འདྲ་ལེགས་པོ་ཞིག་ཐོབ་གི

སྙན་སྒྲོན་པ། ཁོང་གིས་གཉེར་བའི་ཀུང་ཟི་དེ་ནི་རང་རེའི་བོད་ཀྱི་ཐང་ག་གཙོ་བོར་བྱས་ཐོག ཞོར་དུ་བོད་སྤོས་བཟོ་སའི་བཟོ་གྲྭ་ཞིག་རེད། བཟོ་གྲྭ་དེ་ནི་བིས་མདོ་བོད་རིགས་ཞང་ན་ཡོད་ལ། ལས་བཟོ་བ་བརྒྱད་ཅུ་ལྷག་འདུག ང་ཚོ་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན།སྔོན་ཆད་ཁོང་གི་ཕ་ཡུལ་ར་ལུང་བ་སྡེ་བ་ནི་ཧ་ཅང་དབུལ་ཕོངས་ཡིན་པར་མ་ཟད་ཞིང་ལས་ལ་བརྟེན་ནས་ལྟོ་རྒྱབ་ཁེབས་པ་ཙམ་ལས་ཡོང་སྒོ་གཞན་གཅིག་ཀྱང་མེད། ད་ལྟ་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པར་བརྟེན་ར་ལུང་བ་སྡེ་བའི་སྔ་མོ་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཡོད། ཀུང་ཟི་དེའི་ལས་བཟོ་བ་མང་ཆེ་བ་ནི་ར་ལུང་བ་སྡེ་བའི་མི་ཡིན་པ་དང་། ལས་བཟོ་བའི་ཁྲོད་ན་དབང་བོ་སྐྱོན་ཅན་ཀྱང་ཡོད།གངས་ལྷ་མི་རིགས་མཁོ་ཆས་ཚད་ཡོད་ཀུང་ཟིའི་སྦྱིན་བདག་ལྷ་རྒྱལ་ཚེ་རིང་གིས་ཀུང་ཟི་འདི་བཙུགས་པའི་དམིགས་ཡུལ་དང་། ས་གནས་མང་ཚོགས་ས་ཆ་ཐག་རིང་དུ་མ་སོང་བར་རང་ཁྱིམ་གྱི་སྒོ་ཁ་ན་ཡོང་སྒོ་བཙལ་བའི་གོ་སྐབས་བཟང་བོ་སྤྲད་པའི་སྐོར་ནས་མུ་མཐུད་དུ་བཤད་རྒྱུར།
ལྷ་རྒྱལ་ཚེ་རིང་། ང་རང་གི་བཟོ་གྲྭ་འདི་བཙུགས་པའི་དམིགས་ཡུལ་ནི། འདིའི་ནང་དུ་ལས་བཟོ་བ་མང་པོ་ཞིག་བསྡུ་ལེན་བྱས་པ་ཡིན། བསྡུ་ལེན་བྱས་པའི་ལས་བཟོ་བ་དག་གི་ཁྱིམ་ཚང་གི་ཆ་རྐྱེན་མི་བཟང་བ་དང་། འཚོ་བའི་ཆ་རྐྱེན་ཞན་པ་དེའང་ཇེ་བཟང་དུ་གཏོང་ཐུབ་རྒྱུ་རེད་བསམ་ནས་བཟོ་གྲྭ་འདི་བཙུགས་པ་ཡིན།

སྙན་སྒྲོན་པ། ལྷ་རྒྱལ་ཚེ་རིང་གིས་འདི་ལྟར་རང་གི་འཚོ་བའི་ཆ་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས།རང་གི་ཕ་ས་ཕ་ཡུལ་གྱི་མི་རྣམས་ལའང་རོགས་རམ་བྱས་ནས་དབུལ་བོ་ལས་ཐར་བར་འབད་བརྩོན་བྱེད་བཞིན་ཡོད།ལྷག་པར་དུ་ས་གནས་ཀྱི་དབང་བོ་སྐྱོན་ཅན་བཟོ་གྲྭར་བསྡུ་ལེན་བྱས་ནས་དམིགས་བསལ་གྱི་ཡོང་སྒོ་བཙལ་དུ་འཇུག་བཞིན་ཡོད། དེ་མིན་ཐོན་ལས་དབུལ་སྐྱོར་གྱི་ཕྱོགས་ནས་ཀྱང་འབད་འབུངས་བྱས་ཏེ། ས་གནས་དབུལ་ཕོངས་ཁྱིམ་ཚང་སུམ་ཅུ་ལྷག་ལ་ཁང་གླ་མི་ལེན་པར་ཚོང་ལས་གཉེར་ནས་ཡོང་སྒོ་འཚོལ་དུ་འཇུག་བཞིན་འདུག ཁོང་ཐོག་དང་པོར་བཟོ་གྲྭ་འདིར་ཡོང་དུས་རི་མོ་ཙམ་འབྲི་ཤེས་པ་ལས་ཐང་གའི་ཕྱོགས་ལ་རྒྱུས་མངའ་ཆེན་པོ་མེད་པ་རེད། ཁོ་རང་ལོ་ན་ཆུང་དུས་སུ་སློབ་གྲྭ་འགྲིམས་མ་མྱོང་རུང་། ད་ལྟ་ཡིན་ན་སྤྱི་གཉེར་བ་ལྷ་རྒྱལ་ཚེ་རིང་གི་སྣེ་ཁྲིད་འོག ཁོང་བཟོ་གྲྭའི་ལྷ་རིས་སྒྱུ་རྩལ་གྱི་རྐང་འཛིན་པར་གྱུར་འདུག ང་ཚོས་ཁོ་ལ་བཅར་འདྲི་བྱེད་དུས། ཁོས་གདོང་ལ་འཛུམ་གྱི་ཁེངས་ནས་ང་ཚོར་འདི་ལྟར་བཤད་བྱུང་།
ལས་བཟོ་བ་དོན་འགྲུབ་ཚེ་རིང་། ང་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་བའི་ནང་དུ་བཟོ་གྲྭ་འདིའི་ནང་དུ་ཐང་ག་སྦྱང་དུ་ཡོང་བ་ཡིན། བཟོ་གྲྭ་འདིའི་ནང་དུ་ཐང་ག་སྦྱང་ན་རང་ཉིད་ལ་ཕན་ཐོག་ཆེན་པོ་ཡོད། གཅིག་ནས་རང་ཉིད་ལ་ལག་རྩལ་འབྱོར་གི གཉིས་ནས་རང་ཉིད་ཀྱི་ཁྱིམ་ཚང་གི་བྱ་བའི་ཐད་ལའང་དལ་འགོར་མི་བྱེད་གི བཟོ་གྲྭ་འདིའི་ནང་དུ་ཡོང་བའི་ལོ་དང་པོར་ཧ་ཅང་དཀའ་ཁག་ཡོད་ཀྱང་། ལོ་གཉིས་ནས་གསུམ་འགོར་བའི་རྗེས་སུ་རང་ཉིད་ཀྱིས་ཧུར་བརྩོན་དང་འབད་བརྩོན་ལྷོད་མེད་བྱས་མཐར་ཐང་ག་འབྲི་ཤེས་སོང་ལ། ད་བར་རང་ཉིད་ཀྱི་ཡོང་སྒོ་དང་ལག་རྩལ་གྱི་ཕྱོགས་གང་ཅིའི་ཐད་ནས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་འདུག ང་བཟོ་གྲྭ་འདིའི་ནང་དུ་ཡོང་ནས་ད་ལྟའི་བར་དུ་ལོ་བདུན་ནས་བརྒྱད་འགོར་སོང་།ད་སྐབས་ངས་བཟོ་གྲྭ་འདིའི་ནང་དུ་འབད་པ་བྱས་པའི་རྐྱེན་གྱིས་རང་ཉིད་ལའང་རླངས་འཁོར་ཞིག་ཉོས་ཡོད། ད་སྐབས་ཡིན་ན་ཟླ་ཕོག་སྒོར་སྟོང་བདུན་ནས་སྟོང་བརྒྱད་ལྷག་ལེན་ཐུབ།

སྙན་སྒྲོན་པ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་བིས་མདོ་བོད་རིགས་ཞང་ར་ལུང་བ་སྡེ་བ་ནི་ལོ་ངོ་བཞི་བཅུའི་རིང་ལ་ཕབ་བསྐྲུན་བྱས་པའི་དངོས་བྲིས་གློག་བརྙན་ཞིག་དང་འདྲ་བར་འཕེལ་རྒྱས་ཀྱི་གོམ་ཁ་འབྱོར་ཕྱུག་གི་ཕྱོགས་སུ་སྐྱོད་ཀྱིན་ཡོད་ལ། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་རོགས་རམ་འོག་ཏུ། ལྷ་རྒྱལ་ཚེ་རིང་དང་ཡང་ན་ལྷ་རྒྱལ་ཚེ་རིང་ལྟ་བུའི་མི་བུ་འབད་བརྩོན་ཅན་དག་གི་དཀའ་ཐུབ་ཀྱི་སྙིང་སྟོབས་དང་། ཐོན་ལས་རོགས་སྐྱོར་གྱི་ཕན་སེམས་ལ་རག་ལས་པ་མ་ཡིན་ནམ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐར་མ་འཚོ་དང་རྟ་མགྲིན་སྐྱབས།བསོད་ནམས་ཚེ་རིང་།ཤ་བོ་གསེར་མཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་དཀའ་ཐུབ་ཀྱི་ཀློང་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་ལྷ་རྒྱལ་ཚེ་རིང་ཞེས་པ་དེ་ཡིན།

微信图片_20180605144255.jpg
གསར་འགོད་པས་གངས་ལྷ་མི་རིགས་མཁོ་ཆས་ཚད་ཡོད་ཀུང་ཟིའི་སྦྱིན་བདག་ལྷ་རྒྱལ་ཚེ་རིང་ལ་བཅར་འདྲི་བྱེད་ཀྱིན་པ།

微信图片_20180605144250.jpg
གསར་འགོད་པས་གངས་ལྷ་མི་རིགས་མཁོ་ཆས་ཚད་ཡོད་ཀུང་ཟིའི་ལས་བཟོ་བ་དོན་འགྲུབ་ཚེ་རིང་ལ་བཅར་འདྲི་བྱེད་ཀྱིན་པ།

རྩོམ་སྒྲིག་པ། སྐར་མ་འཚོ་དང་རྟ་མགྲིན་སྐྱབས།བསོད་ནམས་ཚེ་རིང་།ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་འཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ།ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།