ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

དབུལ་བོ་ཡར་སོང་ཞིག་གི་མི་ཚེའི་གཏམ་རྒྱུད།

སྤེལ་དུས། 2018-06-07 11:52:18   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྐར་མ་འཚོ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི<<བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན>>ཅེས་པའི་བསྟུད་འགོད་ཆེད་སྒྲིག་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐར་མ་འཚོ་དང་རྟ་མགྲིན་སྐྱབས།བསོད་ནམས་ཚེ་རིང་།ཤ་བོ་གསེར་མཚོ་བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་དབུལ་བོ་ཡར་སོང་ཞིག་གི་མི་ཚེའི་གཏམ་རྒྱུད་ཅེས་པ་གཏང་རྒྱུ།

སྙན་སྒྲོན་པ། ད་ལོར་མཚོན་ན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལོ་འགོ་མ་ཡིན་པ་དང་། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་འཁོར་བའི་ལོ་དང་། དེ་མིན་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་རྒྱལ་ཁ་ལེན་པ་དང་། ལོ་ལྔའི་འཆར་བཞི་བཅུ་གསུམ་པ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་བཅས་ཡིན། བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་གྱི་ལོ་ངོ་བཞི་བཅུ་ནི་འབད་བརྩོན་གྱི་སྤང་ཐང་ནས་རེ་འབྲས་ཀྱི་མེ་ཏོག་སྨིན་པའི་ལོ་ཟླ་ཞིག་ཡིན་ལ། བརྗེད་དུ་མེད་པའི་གཏམ་རྒྱུད་ཀྱི་དབུ་ཁྱུད་ཅིག་ཀྱང་ཡིན། ང་ཚོ་བཅར་འདྲི་ཚན་ཆུང་མཚོ་ཤར་དཔལ་ལུང་རྫོང་མདོ་བ་ས་ཁུལ་དུ་ཐོན་དུས། དཔའ་ལུང་རྫོང་དྲིལ་སྒྲོག་པུའུ་ཡིས་ང་ཚོར་མགོན་པོ་ལྷུན་འགྲུབ་ཟེར་བའི་ཁེ་ལས་པ་ཞིག་མཚམས་སྦྱོར་བྱས།

མགོན་པོ་ལྷུན་འགྲུབ་ནི་འདུ་ར་སྟག་ཐང་ཁྲ་མོ་གསོལ་ཁང་གི་སྦྱིན་བདག་རེད། ཁོ་རང་ཚོང་ལས་ཀྱི་ལམ་ཁར་ཞུགས་ནས། མི་ལོ་མང་པོ་ཞིག་གི་རིང་ལ་དཀའ་སྡུག་གི་གོ་རིམ་མང་པོ་བརྒྱུད་པའི་མཐར་ད་གཟོད་རང་གི་ཕུགས་བསམ་ལས་རྣམ་པར་རྒྱལ་ནས་རང་ཉིད་ལ་དབང་བའི་བདེ་སྐྱིད་ཡོད་སོང་བ་རེད། ང་ཚོས་ཁོ་རང་ཆེས་ཐོག་མར་ཚོང་ལས་ལ་ཞུགས་པའི་ཀུན་སློང་གི་ངོས་ཐད་ནས་བཅར་འདྲི་བྱེད་དུས། ཁོས་བཤད་རྒྱུར།
མགོན་པོ་ལྷུན་འགྲུབ། ང་རང་ཆུང་དུས་ནས་སྡུག་མང་པོ་མྱང་བ་ཡིན། རང་ཉིད་ལོ་བཅུ་གཉིས་སྟེང་མ་མེད་སོང་བ་དང་ལོ་བཅུ་དྲུག་གི་སྟེང་ཕ་མེད་པས་ངེད་ཕུ་ནུ་མིང་སྲིང་ཚོ་ཕ་མེད་མ་མེད་དུ་ལུས་སོང་། དེ་བས་ང་རང་ཕ་མའི་ཚབ་ཏུ་བསྡད་དེ་ཁྱིམ་ཚང་གང་བོའི་འཚོ་བའི་འགན་འཁྲི་ཡོད་ཚད་ཕྲག་ཏུ་ཁུར་བ་ཡིན་ལ། དེ་བཞིན་སྤུན་དང་སྲིང་མོ་རྣམས་ཀྱི་དོན་དག་གང་ཡིན་ཡང་ང་རང་གིས་འགན་ཁུར་ནས་བསྒྲུབས་པ་ཡིན། འདི་འདྲའི་སྡུག་བསྔལ་ཆེན་པོ་ཞིག་གི་འོག་ཏུ་ང་རང་གི་བསམ་པར་ཕུ་བོ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་ཚོང་ལས་ལ་འབད་པ་བྱས་ནས་ཕུ་ནུ་མིང་སྲིང་ཚོར་རོགས་རམ་འདེགས་ཞིག་བྱེད་དགོས་བསམ་ནས་ཚོང་ལས་ཀྱི་ལམ་དུ་ཞུགས་པ་ཡིན། ཐོག་མར་ཟ་ཁང་ཞིག་བཙུགས་པ་མ་ཟད་ད་དུང་ཁ་གཏད་ནས་ཟོག་སྨན་ཁང་ཞིག་ཀྱང་ཕྱེས་པ་ཡིན། ངའི་བསམ་པར་སྐབས་འདིར་ངེས་པར་དུ་ཧུར་བརྩོན་བྱེད་དགོས། ཕུ་ནུ་མིང་སྲིང་ཚོ་སྙིང་རེ་རྗེ། ཕ་མེད་ལ་མ་ཡང་མེད་པས་ང་ནི་ཕུ་ནུ་མིང་སྲིང་ཚོའི་ཕ་ཡི་ཚབ་ཡིན་ལ་མ་ཡི་ཚབ་ཀྱང་ཡིན།

སྙན་སྒྲོན་པ། གནའ་མིའི་ཁ་དཔེ་ལའང་མི་སྐྱིད་དུས་སྡུག་དུས་དང་། ཐང་སྐྱ་དུས་སྔོ་དུས་ཡོད་ཟེར་བའི་དཔེ་ལྟར། མགོན་པོ་ལྷུན་འགྲུབ་ལ་མཚོན་ནའང་སྔོན་ཆད་ཀྱི་དཀའ་སྡུག་གི་གོ་རིམ་མང་པོ་བརྒྱུད་མྱོང་སྟེ། དང་ཐོག་ཁོ་ས་ཆ་ཡར་མར་ལ་ཞོར་ལས་སུ་སོང་ནས་འཚོ་བ་འཁྱོལ་ཐབས་བྱས་ཤིང་། བར་སྐབས་ཤིག་ནས་ཕྱིར་རང་ཡུལ་དུ་ལོག་ནས་ཕག་གསོ་བའི་ལས་ལ་འཇུས། ཁོས་ལོ་ངོ་བཅུ་ལྷག་གི་རིང་ལ་ཕག་གསོ་བའི་ལས་ཀ་འདི་རྒྱུན་འཁྱོངས་བྱས་པ་ན། གཞི་ནས་ཁྱིམ་ཚང་གི་ཡོང་སྒོ་དང་འཚོ་བའི་ཆ་རྐྱེན་ཡང་ཇེ་ལེགས་སུ་སོང་། སྤྱི་ལོ་ཉིས་སྟོང་བརྒྱད་ལོ་ནས་བཟུང་། ཁོས་མུ་མཐུད་དུ་འབད་པ་བྱས་ཏེ་གཞི་རྒྱ་ཆུང་བའི་ཟ་ཁང་སྟབས་བདེ་ཞིག་ཕྱེས། དེ་ནས་ལོ་ངོ་འགའ་ལ་མ་དངུལ་གསོག་གྲབས་དང་ཤ་ཉེ་རིང་དག་གི་རོགས་རམ་ལ་བརྟེན་ནས། འདུ་ར་སྟག་ཐང་ཕྲ་མོ་གསོལ་ཁང་ཞེས་པའི་ཟ་ཁང་ཅུང་ཆེན་པོ་ཞིག་ཕྱེས། དེའི་སྐོར་ནས་ཁོས་རང་གི་དང་ཐོག་གི་དཀའ་ངལ་དང་འགྲོ་གྲོན་སོགས་ཀྱི་ངོས་ནས་ང་ཚོ་ལ་འདི་ལྟར་བཤད་བྱུང་།
མགོན་པོ་ལྷུན་འགྲུབ། ཟ་ཁང་འདི་སྒོ་ཕྱེས་པའི་ལོ་དེའི་ཟླ་བ་བཅུ་གཉིས་པ་ནས་ཕྱི་ལོའི་ཟླ་བ་དང་པོའི་ནང་བར་དུ་གཉེན་སྟོན་སུམ་ཅུ་ལྷག་སྣེ་ལེན་བྱས་ཤིང་། དེ་ནས་བཟུང་རིམ་བཞིན་ལོ་རེ་རེར་ཇེ་བཟང་དང་ཇེ་ལེགས་སུ་སོང་སྟེ། ན་ནིང་ནས་ད་ལོའི་ལོ་སར་གྱི་སྐབས་སུ་བསྡོམས་པའི་སྟོན་མོ་དྲུག་ཅུ་ནས་བདུན་ཅུ་ལྷག་སྣེ་ལེན་བྱ་ཐུབ་སོང་། གྲུབ་འབྲས་འདི་ལྟ་བུ་ཞིག་ལོན་ཐུབ་པ་སྔོན་ཆད་ང་རང་གི་སེམས་ལའང་ཤར་མ་མྱོང་། སྒོར་ཁྲི་དྲུག་བརྒྱ་དང་བདུན་བརྒྱའི་མ་རྩ་རེད། སྡུག་མང་པོ་མྱང་བས་ང་རང་ཉིད་མཚན་མོར་གཉིད་ཀྱང་མི་ཁུག འབད་པ་བྱས་མཐར་ང་རང་ལ་མ་རྩ་སྒོར་མོའི་སྟེང་ནས་ཀྱང་ཁྱབ་རྒྱ་ཇེ་ཆེར་བུད་སོང་། སྔོན་ཆད་ང་ཚོའི་འཆར་གཞིའི་སྟེང་དུ་མ་རྩ་སྒོར་ཁྲི་ལྔ་བརྒྱ་དང་བཞི་བཅུ་ནས་ལྔ་བཅུའི་ཡན་ལ་བརྒལ་དུ་འཇུག་མི་རུང་བསམ་ཡོད། རྒྱ་ལོའི་ཚེས་པ་གསུམ་ཉིན་ང་ཚོ་ཤ་ཉེ་རིང་ཚང་མ་མཉམ་དུ་འཚོགས་ནས་གྲོས་བྱས་པ་ཡིན། ཟ་ཁང་གི་ཕྱི་ནང་མཛེས་སྤྲས་དང་སྒྲིག་ཆས་ལེགས་བཅོས་སོགས་ཀྱི་ཐད་དུ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་བདུན་བརྒྱ་ལྷག་བཏང་།

སྙན་སྒྲོན་པ། ང་ཚོ་ཕལ་བའི་མི་བུ་རེ་ལ་ཕལ་བའི་སྐྱིད་སྡུག་ཡོད་ཅིང་། ཕལ་བའི་མི་ཡི་སྐྱིད་སྡུག་ནི་ཕལ་བའི་མི་ཡིས་ད་གཟོད་ཆེས་རྟོགས་སླ་བ་འདྲ་སྟེ། སྦྱིན་བདག་མགོན་པོ་ལྷུན་འགྲུབ་ཀྱིས་རང་གི་མཐའ་འཁོར་དུ་ཡོད་པའི་དབུལ་ཁྱིམ་མང་པོ་ལ་རོགས་རམ་བྱས་ཤིང་། གསོལ་སྟོན་ཁང་ནང་གི་ཞབས་ཞུ་བ་དག་ལའང་རང་གི་ཤ་ཉེ་ལྟར་བྱམས་སྐྱོང་བྱེད། ང་ཚོས་ཞབས་ཞུ་བ་ཞིག་ལ་བཅར་འདྲི་བྱེད་དུས། མོས་བཤད་རྒྱུར།
ངའི་མིང་ལ་ཁོན་ཐར་མཚོ་ཟེར། ཕ་ཡུལ་ཡིན་ན་མཚོ་ལྷོ་མང་རྫོང་གི་ཡིན། ང་ཟ་ཁང་འདིའི་ནང་དུ་ཡོང་ནས་ལོ་གཅིག་འགོར་སོང་། ཁྱིམ་དུ་ལས་ཀ་མེད་པར་བསྡད་ན་ཡོང་སྒོ་མེད། ང་ཡོང་སའི་ཟ་ཁང་འདིའི་སྦྱིན་བདག་བོད་རེད། དེ་བས་ང་རང་ཉིད་ཀྱིས་ཀྱང་སེམས་བསམ་པའི་སྟེང་དུ་འདིའི་ནང་དུ་ལས་ཀ་ལས་ན་གཞན་ལ་ཞབས་ཞུ་བྱེད་ས་ཚང་མ་རང་གི་བོད་དག་དག་རེད། དེ་བས་སྦྱིན་བདག་ང་ཚོ་ལ་ཡིད་ཆེས་ཡོད་ལ། ང་ཚོའི་སྟེང་དུའང་ཧ་ཅང་བཟང་། དེའི་རྐྱེན་གྱིས་ང་ཚོས་ཀྱང་ལས་ཀའི་སྟེང་ལ་འབད་པ་བྱས་པ་ཡིན།

སྙན་སྒྲོན་པ། ང་ཚོའི་འདུ་ར་སྟག་ཐང་ཁྲ་མོ་གསོལ་སྟོན་ཁང་དུ་ཞབས་ཞུ་མ་ཞིག་ལ་བཅར་འདྲི་བྱེད་དུས། གསོལ་སྟོན་ཁང་གི་ནང་དུ་ཟ་མ་ཟ་རུ་ཡོང་བའི་སྐུ་མགྲོན་ཡང་མང་པོ་ཞིག་འདུག ང་ཚོས་དེའི་ཁྲོད་ཀྱི་སྐུ་མགྲོན་ཞིག་ལ་བཅར་འདྲི་བྱེད་དུས་ཁོས་བཤད་རྒྱུར།
ངའི་མིང་ལ་བཀྲ་ཤིས་ཟེར། ཨ་ཁུ་མགོན་པོ་ལྷུན་འགྲུབ་ལ་མཚོན་ན་དངོས་ནས་མི་ངར་བ་ཞིག་རེད། ང་ཚོ་དཔའ་ལུང་ས་ཆ་འདིར་གནའ་ནས་ད་བར་དུ་བོད་ཀྱི་ཟ་ཁང་ཞིག་ཡོད་མ་མྱོང་། བོད་མང་ནའང་བོད་ཀྱི་ཟ་ཁང་ཕྱེས་ཡོད་པའི་མི་ཉུང་ཉུང་རེད། ལྷག་པར་དུ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཟ་ཁང་འདི་འདྲ་ཞིག་བཙུགས་ཡོད་པ་ཧ་ལམ་མེད་ཅེས་བཤད་ཆོག་ཆོག་ཡིན། དེ་བས་ང་རང་གིས་བལྟས་ན་ཁོ་དངོས་ནས་ངར་བ་ཞིག་རེད་བསམ་གི ང་ཡིན་ན་དུས་རྒྱུན་དུ་ཟ་ཁང་འདིའི་ནང་དུ་ཟ་མ་ཟ་རུ་ཡོང་བ་ཡིན། ནང་གི་ཞབས་ཞུ་བ་དང་གཙང་སྦྲ།ཟ་མ་བཅས་ཕྱོགས་གང་ཅིའི་ཐད་ནས་ང་རང་གིས་བལྟས་ན་ཧ་ཅང་བཟང་གི དཔའ་ལུང་རྫོང་འདི་ནས་བོད་ཀྱི་སྟོན་མོ་དང་གཉེན་སྟོན་གྱི་ཆོ་ག་སོགས་སྤེལ་དགོས་ན་འདུ་ར་སྟག་ཐང་ཁྲ་མོ་གསོལ་སྟོན་ཁང་འདི་མ་གཏོགས་མེད།

སྙན་སྒྲོན་པ། མི་ལ་བརྩོན་འགྲུས་ལྡན་གྱུར་ན། འཇིག་རྟེན་འདི་ན་དཀའ་བ་མེད། ཟེར་བའི་དཔེ་ལྟར། སྦྱིན་བདག་མགོན་པོ་ལྷུན་འགྲུབ་ཀྱིས་དཀའ་སྤྱད་ཀྱི་སྡུག་རུས་ལ་སྙིང་སྟོབས་ཀྱི་གོ་ཆ་བགོས་ནས། རང་གི་ཤ་ཉེ་རིང་གི་དབུལ་ཕོངས་ཀྱི་སྡུག་བསྔལ་སེལ་བར་མ་ཟད། མཐའ་འཁོར་གྱི་དབུལ་ཕོངས་ཁྱིམ་ཚང་དང་ཆ་རྐྱེན་ཞན་པའི་སློབ་མ། དེ་མིན་རང་དགར་དུ་ལུས་ཡོད་པའི་ན་གཞོན་རྣམས་ལའང་རང་གི་ནུས་ཚོད་ཀྱིས་རོགས་རམ་བྱས་དང་བྱེད་མུས་སུ་མཆིས། ང་ཚོས་ཁོ་བོའི་ངོ་གདོང་ལས་དཀའ་སྡུག་དང་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་པའི་འབད་བརྩོན་གྱི་ཤུལ་རྗེས་མཐོང་ཡོང་ལ། བདེ་སྐྱིད་ཀྱི་འབྲས་བུ་ཡོད་ཚད་དུས་ཐོག་ཏུ་སྨིན་སོང་བའི་མི་ཚེ་ཡི་རྒྱལ་ཁ་དང་འཛུམ་མདངས་ཤིག་ཀྱང་མཐོང་སོང་།

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐར་མ་འཚོ་དང་རྟ་མགྲིན་སྐྱབས།བསོད་ནམས་ཚེ་རིང་།ཤ་བོ་གསེར་མཚོ བཅས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་དབུལ་བོ་ཡར་སོང་ཞིག་གི་མི་ཚེའི་གཏམ་རྒྱུད་ཅེས་པ་དེ་ཡིན། 

412697417931313037.jpg
གསར་འགོད་པས་འདུ་ར་སྟག་ཐང་ཁྲ་མོ་གསོལ་སྟོན་ཁང་གི་སྦྱིན་བདག་མགོན་པོ་ལྷུན་འགྲུབ་ལ་བཅར་འདྲི་བྱེད་ཀྱིན་པ།

 

416311957176358067.jpg
གསར་འགོད་པས་འཛད་སྤྱོད་སྐུ་འགྲོན་བཀྲ་ཤིས་ལ་བཅར་འདྲི་བྱེད་ཀྱིན་པ།

559944361551051446.jpg
གསར་འགོད་པས་ཞབས་ཞུ་མ་ཁོན་ཐར་འཚོ་ལ་བཅར་འདྲི་བྱེད་ཀྱིན་པ།
 

རྩོམ་སྒྲིག་པ། སྐར་མ་འཚོ་དང་རྟ་མགྲིན་སྐྱབས། བསོད་ནམས་ཚེ་རིང་། ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་འཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ།ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།

 

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།