ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས་པའི་ཕུལ་བྱུང་དགེ་རྒན། ༼ ཆེད་སྒྲིག ༽

སྤེལ་དུས། 2018-06-26 10:27:00   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྟོབས་ལྡན་རྒྱལ།

微信图片_20180626100806.jpg

གསར་འགོད་པས་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ་ཚེ་རིང་བསམ་འགྲུབ་ལ་བཅར་འདྲི་བྱེད་ཀྱིན་པ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི《བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན》ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྟོབས་ལྡན་རྒྱལ་དང་གཡང་འབུམ་རྒྱལ་གཉིས་ཀྱིས་སྒྲ་བླངས་པའི་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས་པའི་ཕུལ་བྱུང་དགེ་རྒན་ཞེས་པ་དེ་གཏང་རྒྱུ།
རོལ་མོ་མཐོ་རུ་ཕྱིན་ཏེ་རིམ་བཞིན་བསྲེས།

སྙན་སྒྲོན་པ། སྤྱི་ཟླ་ལྔ་བའི་རྩེ་ཁོག་རྩྭ་ཐང་དུ་ལན་རེར་ཁ་བ་ལྷབ་ལྷུབ་ཏུ་འབབ་ཅིང་། སྐབས་འགར་ཆར་བ་ཟམ་ཟིམ་དུ་འབབ་པའི་ངང་ཚུལ་ལ་གཞིགས་ན། གནས་འདི་ནི་ས་བབ་མཐོ་ཞིང་། ནམ་ཟླ་འཁྱག་པ། གྲང་ངར་ཅུང་རྒོད་ལ། གནམ་གཤིས་མི་སྙོམས་པའི་མཐོ་སྒང་གི་ས་ཁུལ་ཞིག་ཡིན་པ་ཁད་ཀྱིས་རྟོགས་ཐུབ་ལ། གནའ་མིའི་ངག་རྒྱུན་གྱི་བཤད་ཚུལ་ལྟར་ན། སྔོན་ཆད་གནས་འདི་ནི་དབེན་གནས་རྩེ་ཐང་ཞེས་བྱ་བའི་རི་མཐོ་ལ་གཉན་པ། སྤྲིན་དང་ན་བུན་འཐིབས་པ་ལས་དུས་རྒྱུན་ཆད་མེད་པར་ཁ་ཆར་འབབ་པ། གཡས་རི་བྲག་མཐོ་ལ་གཟར་བ། གཅན་གཟན་རྣམས་ངར་སྐད་སྒྲོག་ཅིང་། བྱ་རྒྱལ་རྒོད་པོ་ལྡིང་བ། གཡོན་རི་སྤང་རི་སྣུམ་ལ་འཇམ་པ། རི་དྭགས་ཤྭ་བ་དང་། དགོ་བ། གནའ་བ་རྣམས་རང་བཞིན་གྱིས་བག་ཕེབས་ཏེ་རྩེ་ཞིང་འཕྱོ་བ། མདུན་གྱི་ནགས་ཚལ་སྟུག་པོར་མེ་ཏོག་རྣམ་པར་བཀྲ་ཞིང་། བྱ་དང་བྱེའུ་ཡིས་སྐད་སྙན་ཀྱུ་རུ་རུ་གླུ་ལེན་པའི་ངང་ཚུལ་བརྗོད་དུས། སྤྲིན་དཀར་གྱི་བང་རིམ་བརྟོལ་བའི་གཡང་དཀར་ལུག་ཁྱུའི་འབའ་སྒྲ་དང་། གཡང་གཟར་གྱི་འཕྲང་ལམ་གཏུབ་པའི་ནག་མོ་ནོར་གྱི་ངུར་སྒྲ རྩི་ཏོག་གི་སྙེ་འབྲུ་གཏོར་བའི་འདོ་རིག་རྟ་ཕོའི་འཚེར་སྐད། སྦྲ་རོག་རོག་ཅན་གྱི་ཁ་ཚུབ་ལས་མཆེད་པའི་སྔོ་ལྷོག་ལྷོག་གི་དུ་བ། མགོ་དཀྲིས་གློ་དམར་དཀྲིས་ཤིང་བཞོ་ཟེའུ་ལག་ཏུ་ཐོགས་པའི་འབྲོག་མོ་དག་གི་ཟུར་མིག བྱིས་པ་ཁྱུ་དང་ཁྱུ་བྱས་ནས་བེའུ་འཚོ་བའི་ངང་ཚུལ་དང་། ལུག་རྫི་སྐོར་དང་སྐོར་བྱས་ནས་ཕན་ཚུན་ལ་རི་གླུ་ལེན་རེས་བྱེད་པའི་རྣམ་པ་སོགས་ལ་ཕྱིར་དྲན་ཐེངས་ཤིག་བྱེད་ཐུབ་པར་མ་ཟད། གནག་སྣུམ་སྐྲ་ལོ་སོག་འདབ་ཏུ་འཕྱངས་ཤིང་། བོད་ལྭའི་སྐ་རགས་ཤུབ་ཤུབ་བཅིངས་བའི་འབྲོག་པ་ཚོ་མཐོང་དུས། གནས་འདི་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་འབྲོག་སྡེ་ཞིག་ཡིན་པ་དེ་མ་ཐག་གིས་ཤེས་ཐུབ།

ངེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི《བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན》ཞེས་པའི་བཅར་འདྲིའི་ཚན་ཆུང་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ཕྱོགས་བསྐྱོད་དེ། དེ་གའི་སློབ་ཁང་ཞིག་གི་སྒོ་ཁར་ཐོན་པ་ན། ཏག་ཏག་དགེ་རྒན་ཞིག་གིས་སློབ་ཁྲིད་བྱེད་བཞིན་པའི་སྐབས་དང་ཁེལ།

སློབ་ཁྲིད་ཀྱི་ཡུལ་དངོས་སྒྲ
དགེ་རྒན། སློབ་གྲོགས་རྣམ་པ། དེ་རིང་ངས་ཁྱོད་ཚོར《བོད་ཀྱི་རྒྱན་གོས》ཞེས་པའི་སློབ་ཚན་འདི་འཁྲིད་རྒྱུ་བྱེད། ཚང་མས་ཤོད་དང་། བོད་ཅེས་པར་གང་ལ་གོ་དགོས། ཨེ་ཤེས་ཀི
སློབ་མ་ཡོངས། ཤེས་ཀི དགེ་རྒན། རེད། བོད་ཟེར་བ་ནི་ང་ཚོའི་མི་རིགས་འདིའི་མིང་རེད། ང་ཚོ་ཚང་མ་བོད་རེད། རྒྱན་གོས་ཟེར་བ་ནི་ཅི་ཞིག་རེད། སུས་ཤེས་སམ།
སློབ་མ་ཡོངས། ཤེས་ཀི དགེ་རྒན། ཅི་ཞིག་ལ་རྒྱན་གོས་ཟེར། སློབ་མ་ཡོངས། ང་ཚོ་བོད་ཀྱི་གྱོན་པ་སྣ་ཚོགས་ཀྱི་མིང་རྒྱན་གོས་ཟེར་ནི་རེད། དགེ་རྒན། རེད། རྒྱན་གོས་ནི་རང་ཉིད་ཇེ་ཡག་དང་ཇེ་མཛེས། ཇེ་རྒྱན་དུ་གཏོང་བྱེད་དེ་རེད། སློབ་མ་ཡོངས། རེད། དེ་རེད། དགེ་རྒན། བོད་རང་ཉིད་ལ་རྒྱན་གོས་གང་དག་ཅིག་ཡོད་ནི་རེད། སློབ་གྲོགས་སུས་བཤད་རྒྱུ་ཡིན། ལག་པ་ཡར་འགྱོག་རོགས། སློབ་གྲོགས། ཁྱོས་བོད་ལ་རྒྱན་གོས་གང་དག་ཅིག་ཡོད་པའི་ཐད་ནས་དཔེ་ཞིག་བླངས་ནས་ཤོད་དང་། སློབ་གྲོགས་ཀ་བ་ན་རེ། བོད་ལ་རྒྱན་གོས་ཚ་རུ་དང་རྩག་པ། གོས་ལྭ་དང་ཕྲུག་ལྭ་སོགས་ཡོད་ཀི རྒྱན་ཆ་ལ་འདོགས་ཆ་བྱུ་རུ་དང་སྐེ་རྒྱན་ལ་སོགས་ཡོད་ཀི དགེ་རྒན། བཟང་གི བཤད་པ་ཨེ་འགྲིག་གི
སློབ་གྲོགས་ཡོངས། འགྲིག་གི དགེ་རྒན། ལན་བཏབས་པ་ཧ་ཅང་འགྲིག་གི ཚང་མས་དགའ་བསུ་ཞིག་བྱེད་རོགས། སློབ་གྲོགས་ཡོངས། ཐལ་མོའི་རྡེབ་སྒྲ

微信图片_20180626104753.jpg

དགེ་རྒན་ཚེ་རིང་བསམ་འགྲུབ་ཀྱིས་སློབ་ཁྲིད་བྱེད་ཀྱིན་པ། 

སྙན་སྒྲོན་པ། གནའ་སྔ་མོར་གཅན་གཟན་དང་རི་དྭགས། བྱ་བྱེའུ་ཡི་ཕ་སར་གྱུར་བའི་དབེན་གནས་འདིར། ད་སྐབས་གཅིག་ལས་གཅིག་གིས་མཐོ་བའི་ཁང་བརྩེགས་དང་། སྡེབ་ལེགས་ཤིང་སྤུས་གཙང་བའི་མགྲོན་ཁང་རིགས་སྣ་ཚོགས། དྲི་ཞིམ་ཞིང་བཅུད་མངར་བའི་ཟ་ཁང་ཅི་རིགས། ད་རུང་རྒྱན་ཆ་དང་ནོམ་པ། ཟས་རིགས། བཏུང་བ་སོགས་ཚོང་ཁང་ཆེ་མ་ཆུང་གསུམ་གྱིས་གྲུབ་པའི་གྲོང་ཁྱེར་ལྟ་ན་སྡུག་པ་ཞིག་ཏུ་གྱུར་འདུག་པ་འདི་མཐོང་དུས། དངོས་གནས་མཚར་དགོས་པ་ཞིག་རེད་ཨང་། དེ་ཡང་ལོས་ཡིན་ཏེ། ད་ལོ་ནི་རང་རྒྱལ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ཏག་ཏག་ལོ་འཁོར་བཞི་བཅུ་ལོན་པའི་ལོ་རེད། འདི་དག་གི་རིང་ལ། མི་རེ་རེས་རང་ཉིད་ཀྱི་བརྩོན་པར་བརྟེན་ནས་འདས་སོང་གི་ལོ་ཟླར་བསྲུབ་ཏུ་མེད་པའི་དྲན་ཤིང་གི་རི་མོ་བྲིས་ཡོད་ལ། མངར་ལ་སྐྱུར་བའི་འཚོ་བའི་ཁ་དོག་རེ་རེའི་ཁྲོད་དུ་རང་གི་རྔུལ་ཆུས་གྲུབ་པའི་གཏམ་རྒྱུད་རེ་རེ་ཡོད་སྲིད། བརྗེད་དུ་མེད་པའི་གཏམ་རྒྱུད་དེ་དག་གི་ཁྲོད་དུ་མི་ཞིག་གི་འདས་མ་ད་གསུམ་གྱི་སྐྱིད་སྡུག་རེ་རེ་བསྐུངས་ཡོད། རེད་དེ། གོང་དུ་སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན་དེ་ནི་སུ་ཡིན་ནམ། ཁོས་བརྒྱུད་པའི་ཀྱག་ཀྱོག་གི་ལོ་ཟླ་ནི་ཅི་ལྟ་བུ་ཞིག་ཡིན་ནམ།

ཚེ་རིང་བསམ་འགྲུབ། ངའི་མིང་ལ་ཚེ་རིང་བསམ་འགྲུབ་ཟེར། ངའི་ཕ་ཡུལ་ནི་རྩེ་ཁོག་རྫོང་སྟོབས་ལྡན་ཞང་ཀ་རོང་སྡེ་བའི་ཡིན། ང་ནི་ས་དེ་རུ་སྐྱེས་པའི་འབྲོག་པ་དཀྱུས་མ་ཞིག་ཡིན། ང་རང་ལོ་ན་དགུ་ལ་སོན་པའི་སྐབས་སུ་སློབ་གྲྭར་སོང་བ་ཡིན། སྐབས་དེར་སློབ་གྲྭ་དང་ཕ་ཡུལ་བར་གྱི་འགྲིམ་འགྲུལ་གྱི་ཆ་རྐྱེན་ཧ་ཅང་ཞན་པས། སློབ་འགོ་རྩོམ་པའི་སྐབས་སུ་རྟ་ལ་ཞོན་ནས་ཉིན་གཅིག་གཉིས་ཀྱི་ལམ་ཐག་བརྒྱུད་ནས་འགྲོ་དགོས་པར་མ་ཟད། སློབ་གྲྭའི་ཕྱི་ནང་གི་ཁོར་ཡུག་ཀྱང་ཧ་ཅང་ཐབས་ཆག་ཡིན། ཉལ་ཐུལ་དང་ཉལ་གདན་དྲོན་པོ་ཞིག་ཀྱང་མེད་པར། སུ་རུ་དང་སྤེན་མ་སོགས་བཏོགས་ཏེ་གདན་དུ་བཏིངས་ནས། ཡུལ་ནས་ཁྱེར་ཡོང་བའི་རྩག་པ་དང་རས་ལྭ་ཐལ་ཐེད་རེ་གྱོན་ནས་ཉི་མ་བསྐྱལ་བ་ཡིན། འཚོ་བའི་ཕྱོགས་ནས་ཀྱང་དཀའ་ཁག་མི་ཉུང་བ་ཞིག་དང་འཕྲད་ཀྱིན་འདུག སྐབས་དེའི་སློབ་གྲྭའི་འཚོ་བའི་ཐོན་ཁུངས་གཙོ་བོ་ནི་སློབ་མ་རེ་རེའི་ཁྱིམ་ཚང་རེད། སློབ་གྲྭས་བཞག་པའི་འགན་འཁུར་ཏེ། ཤ་དང་མར་ཆུར་སོགས་སློབ་གྲྭའི་ནང་དུ་ཁྱེར་ཡོང་ནས་འཚོ་རྟེན་བྱས་པ་ཡིན། སློབ་སྦྱོང་གི་ཕྱོགས་ནས་ཀྱང་ཆ་རྐྱེན་འཛོམས་པོ་མ་རེད། ང་རང་སློབ་ཆུང་འགྲིམ་བཞིན་པའི་སྐབས་སུ་ངེད་སློབ་གྲྭའི་ནང་དུ་དགེ་རྒན་ལྔ་དྲུག་ཙམ་ལས་མི་འདུག ལྷག་པར་དུ་རྒྱ་བོད་སྐད་གཉིས་སྨྲ་བའི་དགེ་རྒན་ཧ་ཅང་ཉུང་ངུར་སྣང་། སྐབས་དེར་སློབ་གྲྭའི་ཁོར་ཡུག་གི་ཆ་རྐྱེན་གྱི་དབང་གིས་ང་ལ་སློབ་ཆུང་ནས་རྒྱ་ཡིག་བསླབ་རྒྱུའི་སྐལ་བ་མ་ཐོབ། ད་ལྟ་ངས་སློབ་ཆུང་གི་འཚོ་བར་འདི་ལྟར་ཕྱིར་འདང་རེ་བརྒྱབ་ན། ང་རང་དཀའ་ཁག་གང་མང་ཞིག་ལ་འཕྲད་ནས། ཉམ་ཆུང་བའི་ཁོར་ཡུག་ཕལ་བ་ཞིག་ཏུ་འཚར་ལོངས་བྱུང་བའི་གནས་ཚུལ་དེ་གཞི་ནས་རྟོགས་ཐུབ།

སྙན་སྒྲོན་པ། ཚེ་རིང་བསམ་འགྲུབ་ཟེར་བའི་འབྲོག་པའི་བྱིས་པ་ཞིག་གིས་རང་བྲོ་ཁུག་མ་བྱས་ཤིང་། སུ་རུ་དང་སྤེན་མ་གདན་དུ་བཏིངས་ནས། རྩག་པའི་ལྷན་པས་འགོག་མི་ནུས་པའི་ལྷགས་རླུང་ལ་གདོང་གཏད་ཅིང་། ལུས་ཀྱི་ཚི་དྲེག་དང་མཛུབ་མོར་སེར་ཀ་གས་པའི་ཟུག་གཟེར་རིང་དུ་དོར་ནས། གནས་འདི་ནས་ཤེས་རིག་གི་ལམ་དུ་གོམ་པ་སྤོ་འགོ་བརྩམས། ལྟོགས་དུས་ཨ་མ་བོས་མ་མྱོང་ཞིང་། གྲང་དུས་མིག་ཆུ་བཏང་མ་མྱོང་བའི་ཁོས། ལས་དབང་ཟེར་བའི་ཐ་སྙད་ཅིག་ལ་སྐྱབས་བཅོལ་ཞིང་། སྡུག་རུས་ཟེར་བའི་བརྩོན་པ་ཞིག་ལ་བློ་གཏད་ནས། རྒྱང་ནས་རྒྱང་དུ་བསྲིངས་པའི་ཕུགས་འདུན་དེའི་སླད་དུ་ཐེ་ཚོམ་དང་དོགས་པའི་སྨུག་ལུང་གཏུབ་ནས་མདུན་ནས་མདུན་དུ་ཆས།

ཚེ་རིང་བསམ་འགྲུབ། དེའི་རྗེས་ནས1986ལོ་ནས1987ལོའི་བར་དུ་ང་རང་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པར་སོང་ནས་དམའ་འབྲིང་འགྲིམས་པ་ཡིན། སྐབས་དེར་སྔར་བཞིན་དུ་སློབ་གྲྭའི་ནང་དུ་ཐོག་ཁང་ཞིག་ཕར་ཞོག ཐ་ན་ཁང་ལེབ་གྲལ་དག་ཅིག་ཀྱང་མཐོང་དཀའ་བའི་གནས་ཚུལ་རེད། རང་གི་ཡུལ་ནས་གྱོན་པ་དང་བུད་ཤིང་བཏུས་ཤིང་། ཡུལ་ནས་འཚོ་བའི་ཁ་སྣོན་ཙམ་རེ་ཁྱེར་ཡོང་ནས་ཉི་མ་རེ་རེ་བསྐྱལ་བ་ཡིན། སློབ་སྦྱོང་གི་ཕྱོགས་ནས་སྐབས་དེ་ནས་བཟུང་ངས་ཐོག་མར་རྒྱ་ཡིག་སྦྱངས་བ་ཡིན། སློབ་ཆུང་དང་བསྡུར་ན། འཚོ་བ་དང་ཁོར་ཡུག་སོགས་ཕྱོགས་གང་ཅིའི་ཐད་ནས་འགྱུར་ལྡོག་བྱུང་ཡོད་ནའང་། དངོས་ཡོད་ཀྱི་གནས་ཚུལ་དང་བསྟུན་ནས་བཤད་ན། སྐབས་དེ་དུས་ཀྱང་། སློབ་གྲྭའི་ཁོར་ཡུག་དང་། སློབ་མའི་འཚོ་བ། སློབ་ཁྲིད་ཀྱི་རྒྱུ་སྤུས་སོགས་ཀྱི་ཐད་ནས་ལྟོས་བཅས་ཀྱིས་འགྱུར་ལྡོག་ཡོད་ནའང་མངོན་སུམ་གྱིས་འཕེལ་རྒྱས་ཆེན་པོ་མེད་པ་འདྲ།

སྙན་སྒྲོན་པ། སྐབས་རེར་བུད་ཤིང་བཏུས་ནས་ཇ་མ་བྱེད་དགོས་ཤིང་། ལན་རེར་དཔེ་ཆ་བཟུང་ནས་སློབ་མ་བྱེད་དགོས་པའི་ཚེ་རིང་བསམ་འགྲུབ་ཀྱིས་ཉིན་རེ་རེའི་ཞོགས་པའི་སྐྱ་རེངས་ཀྱི་ཡོལ་བ་མ་ཕྱེས་གོང་དུ་དཔེ་ཀློག་སྐྱོར་སྦྱོང་དང་། མཚན་མོའི་སྣུམ་སྒྲོན་ངོགས་ནས་ཀྱང་བསླབ་ཚན་སོ་སོ་རིས་མེད་དུ་ཡང་དང་བསྐྱར་དུ་སྦྱངས་ཏེ། རིག་པའི་རྟ་མཆོག་གི་སྲབ་མདའ་གློད་མ་མྱོང་། སྐབས་དེར། ཁོ་དང་ན་ཚོད་མཉམ་པའི་སློབ་གྲོགས་སྐོར་ཞིག་གིས་ཕ་མ་བློས་གཏོང་མ་ཐུབ་པར་ཡུལ་ལ་བྲོས་བྱོལ་བྱས་པ་དང་། རང་སེམས་ལ་བདག་བྱེད་མ་ཐུབ་པར་ཁྱིམ་ཐབས་མནའ་མ་བླངས་པའི་གཏམ་རྒྱུད་ལ་རྫོགས་མཐའ་བྲལ། ཡིན་ཡང་། དཔེ་ཀློག་ཁོ་ན་བསམ་པའི་ཚེ་རིང་བསམ་འགྲུབ་ནི་གནས་སྐབས་ཙམ་མ་ཡིན་པར། གཏན་གྱི་འདུན་མར་བསམ་གཞིག་གཏོང་ཤེས་པའི་སློབ་མ་སྔོནཐོན་ཅན་ཞིག་ཡིན།

ཚེ་རིང་བསམ་འགྲུབ། རྗེས་ནས་ངས་རྒྱུགས་སྤྲད་དེ་རྨ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི་ནང་དུ་སོང་བ་ཡིན། ད་སྐབས་ཕྱིར་འདང་ཞིག་བརྒྱབ་ན། སྐབས་དེར་སློབ་གྲྭའི་དེའི་ནང་དུ་ཁང་བརྩེགས་གཉིས་འདུག ཡིན་ཡང་། འཚོ་བའི་ཕྱོགས་ནས་དེ་འདྲའི་ཆ་རྐྱེན་འཛོམས་པོ་མ་རེད། མི་རེར་ཟས་བྱང་གཅིག་རེ་བྱིན་འདུག དེ་གྲོན་ཆུང་གི་ངང་ནས་བཀོལ་སྤྱོད་མ་བྱས་ཚེ། ཟ་མའི་དཀའ་ངལ་ལ་འཕྲད་ཉེན་ཆེ། སློབ་ཁྲིད་ཆ་རྐྱེན་སོགས་ལྟོས་བཅས་ཀྱི་བཟང་ནའང་། མི་འདང་སའི་ཆད་ལྷག་མང་པོ་ཞིག་འདུག

སྙན་སྒྲོན་པ། བརྩོན་པའི་རི་རབ་བརྒལ་ཞིང་། དཀའ་བའི་འཕྲང་ལམ་གཏུབ་པའི་ཚེ་རིང་བསམ་འགྲུབ་ཀྱིས་མི་ལོ་བཅུ་ཕྲག་ལྷག་གི་དཀའ་སྡུག་གི་རྔུལ་ཆུ་རྒྱང་དུ་དོར་ཞིང་། མངར་སྐྱུར་འདྲེས་མའི་སློབ་མའི་འཚོ་བར་རྫོགས་ཚིག་བཀོད་དེ། ཡུན་རིང་སེམས་ལ་ཉར་ཞིང་། མཚན་མོའི་རྨི་ལམ་དུའང་ཡང་ཡང་དུ་འཁོར་མྱོང་བའི་དགེ་རྒན་གྱི་ལས་གནས་ཤིག་རེག་པར་ཅི་འདྲའི་དཀའ་བ་སྤྱད་འདུག་ཨང་། ཁོས་སྔར་བཞིན་དུ་དགེ་རྒན་གྱི་ལས་གནས་དང་འབྲེལ་བ་ཡོད་པའི་དཔེ་ཆ་སྣ་མང་ཞིག་ཀློག་ཆེད། སྡེ་བ་གཡས་གཡོན་དང་སློབ་གྲོགས་ཕོ་མོ་གང་རུང་ལ་དཔེ་ཆ་གཡར་བའི་ལོ་རྒྱུས་དེ་ནི་བརྗོད་ན་སེམས་པ་ན་ཞིང་། བྲིས་ན་སྨྱུག་གུ་ཟད་པའི་གཏམ་རྒྱུད་རིང་མོ་ཞིག་ཡིན།

ཚེ་རིང་བསམ་འགྲུབ། རྗེས་ནས་ང་རང་སློབ་མཐར་ཕྱིན་ཏེ། དགེ་རྒན་གྱི་བྱ་བའི་ཁྲོད་ཞུགས་ཏེ། ཐོག་དང་པོར་སྟོབས་ལྡན་ཞང་གི་སློབ་གྲྭ་གསུམ་པའི་ནང་དུ་བསྡད་པ་ཡིན། དེའི་སྐབས་སུ་སློབ་གྲྭ་དེའི་ནང་དུ་དགེ་རྒན་ལྔ་དྲུག་ཙམ་དང་སློབ་མ་བཞི་བཅུ་ལྔ་བཅུ་ཙམ་དང་ཁང་བ་གཉིས་གསུམ་ཙམ་འདུག སློབ་གྲྭའི་ཟ་མའི་སྟོབས་དང་ཇ་མའི་ལག་རྩལ་སོགས་ཕྱོགས་གང་ཐད་ནས་དེ་འདྲའི་ལེགས་པོ་མི་འདུག རང་ཉིད་ཀྱང་འཚོ་བའི་ཕྱོགས་ལ་སྔར་བཞིན་དུ་དཀའ་ཁག་གང་མང་ཞིག་དང་འཕྲད་ཀྱིན་འདུག ཡིན་ཡང་། ཕོ་བ་འགྲང་ཐབས་ཙམ་བྱས་ནས་བསྡད་པ་ཡིན།

སྙན་སྒྲོན་པ། ད་ནི་ཚེ་རིང་བསམ་འགྲུབ་ཀྱི་ལང་ཚོའི་གཉོམ་ལག་རྒྱས་ཤིང་། ཤེས་རིག་གི་འདབ་ལོ་ཡོངས་སུ་སྨིན་ཏེ། སེམས་ལ་བཅངས་པའི་ཕུགས་འདུན་དེ་མངོན་འགྱུར་བྱུང་སོང་། འདི་ནི་ཁོའི་ལོ་དུ་མ་ཞིག་གི་དཀའ་སྤྱད་ལས་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཡིན། ཡིན་ཡང་། ཟླ་ཕོགས་སྒོར་བཞི་བརྒྱ་ལྔ་བརྒྱ་ཙམ་ཞིག་ལ་བརྟེན་ནས་ཁྱིམ་ཚང་ཞིག་གི་འཚོ་ཚིས་ཕྲག་ཏུ་ཁུར་བའི་ཁོ་རང་ལ་མཚོན་ན། གོང་གི་ཨ་ཁུ་ཨ་ནེ་དང་། རྗེས་ཀྱི་བུ་རབས་ཚ་རྒྱུད་དག་སྐྱོང་རྒྱུ་ནི་ལྡོག་ཏུ་མེད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་། དེ་ལས་ཀྱང་ཁོས་ཉིན་མཚན་རིས་མེད་དུ་སློབ་གསོར་བཟུང་བའི་ལྟ་ཚུལ་དང་། ཤ་ཚ་ཞིང་སྙིང་ཉེ་བའི་སྒོ་ནས་སློབ་ཕྲུག་དག་རང་གི་བུ་བུ་མོ་བཞིན་བསྐྱངས་པའི་གཏམ་རྒྱུད་དང་ལྷག་བསམ་གྱིས་ཀ་རོང་སྡེ་བའི་མི་རབས་གསར་བའི་ན་གཞོན་རྣམས་ལ་བསམ་གཞིག་གི་བར་སྟོང་དང་། སྨོན་པའི་མིག་དཔེ་ཞིག་བཞག་ཡོད་པ་གདོན་མི་ཟ།

ཚེ་རིང་བསམ་འགྲུབ། དེ་ནས་རིམ་བཞིན་ལས་གནས་སྤར་ཏེ། རྩེ་ཆུ་སློབ་གྲྭར་སོང་བ་ཡིན། སྐབས་དེར་ང་རང་སློབ་གྲྭ་དེའི་སྤྱིར་བཏང་གི་དགེ་རྒན་ཞིག་ཡིན་པས། སློབ་མ་ཚོའི་འཚོ་བའི་ཐད་ལ་དོ་སྣང་ཆེན་པོ་བྱས་མ་མྱོང་མོད། འོན་ཀྱང་སློབ་གྲྭའི་ཕྱི་ནང་གི་ཆ་ཀུན་ལ་བལྟས་ན། དེ་འདྲའི་འཕེལ་རྒྱས་ཆེན་པོ་མེད་པ་འདྲ།

སྙན་སྒྲོན་པ། ཤེས་རིག་གིས་མིའི་ལས་དབང་བསྒྱུར་ཐུབ་ཟེར་བའི་དཔེ་བཞིན་དུ། ད་ནི་ཚེ་རིང་བསམ་འགྲུབ་ཀྱི་ལས་དབང་ལ་འགྱུར་ལྡོག་ཐེབས་སོང་། ཚེ་རིང་བསམ་འགྲུབ་ཀྱིས་ཁེངས་སྐྱུང་དང་ཞི་དུལ་གྱི་བརྟུལ་ཞུགས་བཟུང་ནས་གཞི་རིམ་དུ་ཆེས་ཕལ་བའི་དགེ་རྒན་ཞིག་གི་མིང་ཁུར་ནས་ལོ་ངོ་བཅུ་གསུམ་ལྷག་འདས། དེའི་རྗེས་སུ། གསེར་ས་འོག་ན་ཡོད་ཀྱང་འོད་ས་སྟེང་དུ་འཕྲོ་ཟེར་བའི་དཔེ་བཞིན་དུ་གོང་རིམ་སློབ་གསོ་སྡེ་ཁག་གིས་ཁོའི་འཇོན་ནུས་རྟོགས་ནས། 2011ལོར་ཁོ་རང་དམེ་ཤུལ་གྲོང་རྡལ་གྱི་སློབ་གྲྭའི་སློབ་གཙོ་གཞོན་པར་བསྐོས་སོང་། དུས་དེ་ནས་བཟུང་། ཁོས་སློབ་ཁྲིད་བྱེད་ཞོར་དུ། ཁོ་ནི་སློབ་མ་དག་གི་ཁ་རྒྱབ་དང་སློབ་གྲྭའི་ཕྱི་ནང་ཡོད་ཚད་ལ་ངེས་པར་དུ་སེམས་ཁུར་བྱེད་དགོས་པའི་མི་ཞིག་ཏུ་གྱུར་སོང་།

ཚེ་རིང་བསམ་འགྲུབ། ད་ནི་ངས་ལོ་འདི་འགའི་རིང་གི་བྱ་བར་ཕྱིར་འདང་རེ་བརྒྱབ་ན། རྫོང་གི་ཉེ་འཁོར་གྱི་ཁོར་ཡུག་དང་། སློབ་གྲྭའི་ཕྱི་ནང་སོགས་ཕྱོགས་གང་ཅིའི་ཐད་ནས་འཕོ་འགྱུར་ཆེན་པོ་བྱུང་འདུག 2016ལོར་རྩེ་ཁོག་རྫོང་སློབ་གསོའི་ཅུའུ་ཡི་བཀོད་སྒྲིག་ལྟར་དུ། ང་རང་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོར་བསྐོས་པ་རེད། ང་འདིར་ཡོང་ནས་ལོ་གཉིས་ཙམ་འགོར་ཟིན། ངས་འདི་ལྟར་ཕྱིར་འདང་རེ་བརྒྱབ་ནས། སློབ་གྲྭ་འདི་ལྟ་བུར་དཔེ་བཞག་ནས་བཤད་ན། 2009ལོར་སློབ་གྲྭ་འདི་སྒྲུབ་འགོ་བརྩམས་ཤིང་། 2011ལོར་ལེགས་འགྲུབ་བྱུང་སྟེ། སློབ་གྲྭ་འདིར་ལོ་ལྔ་དྲུག་གི་ལོ་རྒྱུས་ཡོད་པ་རེད། ད་སྐབས་སློབ་གྲྭ་འདིར་སློབ་ཁྲིད་ཐོག་ཁང་གཉིས་དང་ཉལ་ཁང་བཞི། ཟ་ཁང་སོགས་བསྡོམས་པས་ཁང་བ་ཐོག་བརྩེགས་བཅུ་གསུམ་ཡོད། གཞན་ཡང་རྨིད་བཞི་བརྒྱ་ཅན་གྱི་རྩལ་སྦྱོང་ར་བ། སྤོ་ལེ་རྩེད་ས་བཅས་གཞི་ཁྱོན་ཆེ་བའི་ཁང་བ་ཡོད་པར་མ་ཟད། སྐྱེ་དངོས་དང་རྫས་འགྱུར། དངོས་ལུགས་བཅས་ཀྱི་ཚོད་ལྟའི་ཅ་ལག་སྣ་ཚོགས་འཛོམས་ཡོད། གཞན་ཡང་སློབ་མའི་འཇོན་ཐང་འདོན་སའི་ཡིག་གཟུགས་སྦྱོང་བརྡར་བྱེད་ས་དང་། སློབ་ཕྱིའི་བྱ་འགུལ་སྤེལ་ས། ཚོད་ལྟའི་ཁྲིམས་རྩོད་ཁྲིམས་ར་སོགས་སློབ་མའི་སློབ་གསེང་གི་བྱེད་སྒོ་སྤེལ་སའི་ཁང་བའི་རིགས་སྣ་ཚོགས་ཤིག་ཡོད། ད་སྐབས་སློབ་རའི་གོང་འོག་ཚང་མས་སྟོབས་ཤུགས་ལ་བརྟེན་ནས། སློབ་གྲྭའི་ཕྱི་ནང་ཀུན་ཏུ་འཕེལ་རྒྱས་བྱུང་དང་འབྱུང་བཞིན་འདུག 

སྙན་སྒྲོན་པ། ཐོག་མའི་རྨི་ལམ་མ་དོར་བའི་འབྲོག་ཕྲུག་ཅིག་གིས་རང་གི་རྩོལ་བར་བརྟེན་ནས། ཕ་ས་ཕ་ཡུལ་དང་ཕུ་ནུ་མིང་སྲིང་ཚོ་རྒྱབ་ཏུ་བསྐྱུར་ཏེ། སྐྱིད་མ་སྡུག་དང་ངུ་མ་དགོད་ཀྱི་འཚོ་བའི་ཁྲོད་ནས། སོང་སོང་མཐར་རང་གི་བཞུད་ལམ་ཟིན་སོང་། བཙལ་བཙལ་མཐར་མི་ཚེའི་ཡང་སྙིང་རྙེད་བྱུང་། འདི་ནི་བརྩོན་འགྲུས་ཀྱི་འབྲས་བུ་ཡིན། འདི་ནི་བདེ་སྐྱིད་ཀྱི་གཞི་མ་ཡིན།

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྟོབས་ལྡན་རྒྱལ་དང་གཡང་འབུམ་རྒྱལ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས་པའི་ཕུལ་བྱུང་དགེ་རྒན་ཞེས་པ་དེ་ཡིན།

微信图片_20180626100709.jpg

རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གྲྭའི་སྒོ་ཆེན་གྱི་ཟུར་ཞིག 微信图片_20180626100730.jpg

རེབ་འདིའི་གསར་འགོད་ཚན་ཆུང་དང་དགེ་རྒན་རེ་འགའི་མཉམ་པར། 

གསར་འགོད་པ། སྟོབས་ལྡན་རྒྱལ། གཡང་འབུམ་རྒྱལ།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ། 

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ། 

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།