ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

བང་ཆུང་སྡེ་བའི་འཕོ་འགྱུར། ༼ ཆེད་སྒྲིག ༽

སྤེལ་དུས། 2018-06-26 11:52:20   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྟོབས་ལྡན་རྒྱལ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའིབརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིནཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྟོབས་ལྡན་རྒྱལ་དང་གཡང་འབུམ་རྒྱལ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་བང་ཆུང་སྡེ་བའི་འཕོ་འགྱུར་ཞེས་པ་གཏང་རྒྱུ།

微信图片_20180626120631.jpg

གསར་འགོད་པས་བང་ཆུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་རྣམ་རྒྱལ་ལ་བཅར་འདྲི་བྱེད་ཀྱིན་པ། 

སྙན་སྒྲོན་པ། ངེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི«བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན»ཞེས་པའི་བཅར་འདྲིའི་ཚན་ཆུང་གིས་རྩེ་ཁོག་རྫོང་གི་བཅར་འདྲིའི་ལས་ཀ་ཐམས་ཅད་ཡོངས་འགྲུབ་བྱས་ཏེ། ཟླ་ལྔ་བའི་ཟླ་དཀྱིལ་དུ་རྨ་ལྷོ་ཁུལ་གྱི་ཧི་ནན་རྫོང་གི་ཕྱོགས་སུ་ཆས་པ་ཡིན།

སྙན་སྒྲོན་པ། རྒྱུས་ལོན་པ་ལྟར་ན། ཧི་ནན་རྫོང་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་ལྷོ་ཕྱོགས་འགྲིམ་འགྲུལ་ལམ་བུ་གཙོ་བོར་གྲགས་ཤིང་། ཐང་རྒྱལ་རབས་སྐབས་སུ་ཇ་དང་རྟ་བརྗེ་རེས་བྱེད་སའི་ཇ་རྟའི་ཚོང་ལམ་གཙོ་བོ་ཞིག་ཀྱང་ཡིན་པར་བཤད། དེ་མིན་རྨ་ལྷོ་ཁུལ་གྱི་ཧི་ནན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དྲུག་ལོར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་རྫོང་ཁག་གྲས་ཀྱི་གཅིག་ཡིན། ང་ཚོ་བཅར་འདྲི་ཚན་ཆུང་གིས་རྫོང་དེའི་སྤྱིའི་གནས་ཚུལ་རྒྱུས་ལོན་རགས་བསྡུས་ཤིག་བྱས་རྗེས། མཐོ་ཡུལ་མ་ཞང་དུ་ཆས་པ་ཡིན། གོ་ཐོས་སུ་མཐོ་ཡུལ་མ་ཞང་བང་ཆུང་སྡེ་བའི་ལོ་འདི་དག་རིང་གི་འགྱུར་ལྡོག་ལ་ཀུན་གྱིས་ཡིད་སྨོན་བྱེད་བཞིན་ཡོད་ཟེར། དེ་བས་ང་ཚོས་ཐད་ཀར་དུ་བང་ཆུང་སྡེ་བར་གཟས་ནས་སོང་བ་ཡིན།

ཚེ་རིང་རྣམ་རྒྱལ། ང་ནི་མཐོ་ཡུལ་མ་ཞང་བང་ཆུང་སྡེ་བའི་ཡིན། ངའི་མིང་ལ་ཚེ་རིང་རྣམ་རྒྱལ་ཟེར། ངས2005ལོ་ནས2008ལོའི་བར་དུ་སྡེ་བ་འདིའི་སྡེ་དཔོན་གྱི་འགན་ཁུར་ཞིང་། 2008ལོ་ནས་ད་ལྟའི་བར་དུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ནས་བསྡད་ཡོད། ང་ཚོའི་སྡེ་བ་འདི་ནི་རྫོང་མཁར་ནུབ་ཕྱོགས་ཀྱི་སྤྱི་ལེ24མཚམས་སུ་ཡོད། སྡེ་བ་ཡོངས་ལ་མི་གྲངས860དང་ཁྱིམ་གྲངས218ཡོད།

སྙན་སྒྲོན་པ། ང་ཚོ་བང་ཆུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་རྣམ་རྒྱལ་ཚང་ལ་ཐོན་མ་ཐག་ཏག་ཏག་ཉིན་གུང་ལ་འཁེལ་འདུག སྡེ་མི་མང་པོ་ཞིག་རླངས་འཁོར་དང་འཕྲུལ་རྟའི་འཚང་ཁའི་ཁྲོད་ནས་སློབ་མ་ཡུལ་ལ་ལེན་པའི་ལས་ལ་བྲེལ་འདུག སྡེ་བའི་ཁྱིམ་ཚང་ཚང་མ་གྲལ་དག་ཅིང་སྤུས་ལེགས་པའི་ཨར་འདམ་དང་སོ་ཕག་གིས་བཟོས་པའི་ཁང་བ་དག་ཏུ་བསྡད་འདུག སྡེ་བའི་གཡས་གཡོན་དུ་ཚོང་ཁང་ཆེ་མ་ཆུང་གསུམ་དང་། ཟ་ཁང་། ད་དུང་མགྲོན་པོ་སྣེ་ལེན་བྱེད་སའི་སོག་གུར་འདྲ་མིན་སྣ་ཚོགས་ཤིག་ཡོད་པས། གློ་བུར་དུ། རང་གིས་རང་ལ་འདི་ནི་སྡེ་བ་ཞིག་ཡིན་ནམ། འདི་རྫོང་མཁར་མངའ་ཁོངས་ཀྱི་གྲོང་རྡལ་ཆུང་ཆུང་ཞིག་མིན་ནམ་སྙམ་པའི་དོགས་འདྲི་ཞིག་བྱེད་དགོས་བྱུང་། གཞན་ཡང་། སྡེ་བའི་ནང་གི་སྡེ་མི་མང་པོ་ཞིག་རྫོང་མཁར་དུ་གནས་སྤར་ནས། དེ་རུ་ཞོ་དང་། འོ་མ། མར་དང་ཆུར་བ། ཤ་སྐམ་སོགས་ཕྱུགས་ལས་ཐོན་རྫས་དག་གཙོ་བྱས་ནས་མཉམ་ལས་ཁང་སྣ་ཚོགས་ཤིག་གཉེར་བཞིན་ཡོད་པར་བཤད། སྔོན་ཆད་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་འདི་ལྟར་གློ་བུར་དུ་མཁར་གྲོང་ཅན་གྱི་རྣམ་པར་ཆགས་ཏེ། དེང་རབས་ཚོང་ལས་དཔལ་འབྱོར་གྱི་རྗེས་སུ་སྙེག་གིན་པ་འདི་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད། ཡིན་ཡང་། སྡེ་བ་འདིའི་ཕྱིའི་ཁོར་ཡུག་གི་བཟོ་བཀོད་དང་། ནང་ཁྱིམ་ཚང་སོ་སོའི་འཛུགས་སྐྲུན། ངོ་མཚར་བའི་ད་ལྟའི་འཕེལ་རྒྱས་བཅས་ལ་གོང་རིམ་སྡེ་ཁག་གི་རྒྱབ་སྐྱོར་དང་ཐུགས་ཁུར་ཡོད་པ་ཁག་ཐེག་ཡིན་ལ། སྡེ་བ་འདི་ལ་བརྗེད་མི་སྲིད་པའི་དཀའ་སྡུག་གི་བཞུད་ལམ་རིང་མོ་ཞིག་ཅིས་ཀྱང་ཡོད་ངེས།

ཚེ་རིང་རྣམ་རྒྱལ། ང་ཚོའི་སྡེ་བའི་སྔོན་ཆད་ཀྱི་གནས་ཚུལ་ཏེ། རྨང་གཞི་འཛུགས་སྐྲུན་གྱི་ཕྱོགས་ནས་བཤད་ན། སྐབས་དེར་ཆུ་གློག་ལམ་གསུམ་སོགས་གཅིག་ཀྱང་ཡོད་ནི་མ་རེད། མང་ཚོགས་ཀྱི་འཚོ་བ་རོལ་ཕྱོགས་ཐད་ནས་ཀྱང་། རྫོང་མཁར་དང་ཞང་ཐོག་ཏུ་འགྲོ་ན། རྟ་ལ་ཞོན་ནས་འགྲོ་དགོས་ནི་རེད། རྫོང་ཐོག་ཏུ་ཟ་མ་དང་དངོས་པོ་རེ་ཉོ་རུ་འགྲོ་དགོས་ཚེ། ཁལ་མ་དེད་ནས་འགྲོ་དགོས་ནི་རེད། རྫོང་མཁར་དང་སྡེ་བ་གཉིས་ཀྱི་བར་ཉིན་གཅིག་གིས་བགྲོད་དགོས་པ་རེད། གཞན་ཡང་། སྐབས་དེར་ཞང་ཐོག་དང་རྫོང་མཁར་དུ་སློབ་གྲྭ་མང་པོ་མེད་ཀི དེ་བས་ངེད་སྡེ་བའི་སློབ་མའི་སློབ་ཞུགས་ཀྱི་ཚད་ཧ་ཅང་དམའ། དེ་མིན། བུད་མེད་དག་གིས་ཟོ་བའི་ནང་དུ་ཆུ་འཁུར་དགོས་པ་རེད། སྐབས་དེར་སྦྲ་དང་རས་གུར་ལས་ཁང་བ་ཡོད་ནི་མ་རེད། སྡེ་བའི་མང་ཚོགས་ཡོངས་ཀྱི་ཁ་རྒྱབ་འཚོ་བའི་ཐད་དཀའ་ཁག་གང་མང་ཞིག་ཡོད་པ་རེད།

སྙན་སྒྲོན་པ། སྔོན་ཆད་རྟ་ལ་ཞོན་ནས་ཁལ་མ་དེད་དེ་རྫོང་མཁར་དུ་ཉིན་གཅིག་གི་ལམ་ཐག་བརྒྱུད་དགོས་ཤིང་། ད་ལྟ་རླངས་འཁོར་དང་འཕྲུལ་རྟ་བསྐོར་ནས་སྐར་མ་བཅུའི་གཡས་གཡོན་ཙམ་ལས་བགྲོད་མི་དགོས་པའི་བང་ཆུང་སྡེ་བའི་ད་ལྟའི་འགྱུར་ལྡོག་དང་འཕེལ་རྒྱས་འདི་ནི་ད་སྐབས་ད་དུང་གསོན་ངོགས་སུ་ཡོད་པའི་ལོ་ན་བརྒྱད་ཅུ་དང་དགུ་བཅུར་སོན་པའི་རྒན་པོ་རྒན་མོ་སུས་ཀྱང་བློའི་ཡུལ་དུ་ཤོང་དཀའ་ལ། སྔོན་ཆད་ལམ་དཀོན་ཞིང་གློག་མེད་པའི་ལོ་རྒྱུས་ཀྱི་བཞུད་ལམ་རིང་མོ་དེ་ད་ལྟའི་བྱིས་པ་སྣབས་ལུག་ཅིག་ལ་བརྗོད་ན་ཨ་མཚར་དུ་བསམ་ངེས། གནམ་ས་བླ་འོག་བརྗེས་པ་ལྟ་བུའི་བདེ་སྐྱིད་ཀྱི་ལམ་བུ་འདི་ནི་སུས་བསྐྲུན་པ་ཡིན་ནམ།

ཚེ་རིང་རྣམ་རྒྱལ། དེའི་རྗེས་ཀྱི་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་གྱི་ལོ་ངོ་བཞི་བཅུའི་རིང་གི་མང་ཚོགས་ཀྱི་འཚོ་བའི་ཐད་ལ་ཕྱིར་འདང་རེ་བརྒྱབ་ན། སྲིད་གཞུང་གིས་རྫོང་མཁར་ནས་སྡེ་བའི་བར་དུ་ལམ་ལས་ཤིང་། ཁྱིམ་ཚང་རེ་རེར་སྡོད་ཁང་འཛུགས་སྐྲུན་བྱས་ནི་རེད། རྫོང་མཁར་དང་གྲོང་རྡལ་ནས་སློབ་གྲྭ་གང་མང་ཞིག་འཛུགས་སྐྲུན་བྱས་ཏེ་སྔོན་ཆད་རྟ་དང་ཁལ་མར་བརྟེན་པའི་འཚོ་བར་རྫོགས་ཚིག་བཀོད་ནས། འགྲིམ་འགྲུལ་གྱི་ཕྱོགས་ནས་སྟབས་བདེ་ཆེན་པོ་བསྐྲུན། ད་ལྟ་ངེད་སྡེ་བའི་ཁྱིམ་ཚང་མང་ཆེ་བར་ཨར་འདམ་དང་སོ་ཕག་གི་སྡོད་ཁང་འཛུགས་སྐྲུན་བྱས་ཡོད། མང་ཚོགས་ཀྱི་འཚོ་བ་རོལ་ཐབས་སོགས་ཕྱོགས་གང་ཐད་ནས་འགྱུར་ལྡོག་ཆེན་པོ་འདུག རང་ཉིད་ལ་མཚོན་ནས་བཤད་ན། སྡེ་བའི་ལས་བྱེད་མི་སྣའི་འགན་ཁུར་ནས་ལོ་ངོ་མི་ཉུང་བ་ཞིག་འགོར་ཟིན། ད་སྐབས་ཕྱིར་འདང་རེ་བརྒྱབ་ན། སྐབས་དེར་སྡེ་བའི་ཁྱིམ་ཚང་སོ་སོར་ཟ་མ་དང་གྱོན་པའི་ཐད་དཀའ་ཁག་ཆེ་བར་མ་ཟད། སྡེ་གཞུང་དུ་ཚོགས་འདུ་བསྡུ་ས་ཞིག་ཀྱང་ཡོད་ནི་མ་རེད། ཚོགས་འདུ་བསྡུ་བའི་སྐབས་སུ་ཁྱིམ་ཚང་རེ་རེར་འཛོམས་པའམ། ཡང་སྐབས་རེ་འགར་རྩྭ་ཐང་དུ་ཚོགས་འདུ་བསྡུས་པའི་ལོ་རྒྱུས་ཀྱང་མི་ཉུང་བ་ཞིག་ཡོད། དེའི་རྗེས་ནས་སྡེ་གཞུང་དང་གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་སྡེ་གཞུང་དུ་གྲོས་ཚོགས་ཁང་སོགས་འཛུགས་སྐྲུན་བྱས་ཡོད་ལ། མདོར་ན། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུའི་རིང་གི་འཚོ་བར་ཕྱིར་དྲན་རེ་བྱས་ན། མང་ཚོགས་ཀྱི་འཚོ་བ་དང་སློབ་གསོ། ཆུ་གློག་ལམ་གསུམ། སྡོད་ཁང་དང་ཕྱུགས་ཁང་སོགས་ཕྱོགས་གང་ཐད་ནས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་སྙམ།

སྙན་སྒྲོན་པ། འདི་ལྟར་བང་ཆུང་སྡེ་བའི་འགྱུར་ལྡོག་ལ་མིག་ཟུང་བཙུམས་ནས་བསམ་གཞིགས་གཏོང་དུས། ལོ་ངོ་མང་པོ་མང་པོ་ཞིག་གི་རིང་ནས་བཟུང་། དཀའ་སྤྱད་སྡུག་རུས་ཀྱིས་འཚོ་བ་བསྐྱལ་བའི་སྡེ་མི་རེ་རེའི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་སྣང་བརྙན་གསོན་པོ་དེ་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་བསྡུས་གཟུགས་འདྲ་མིན་སྣ་ཚོགས་ཤིག་ཡིད་ལ་དབང་མེད་དུ་འཁོར་ཡོང་ཞིང་། ད་ལྟའི་བདེ་སྐྱིད་འདི་ནི་གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་དང་། སྔོན་ཆད་ཀྱི་སྡེ་མི་ལྷག་བསམ་ཅན་གང་མང་ཞིག་གི་བློ་གྲོས་ཀྱི་རྩལ་དང་། དཀའ་སྡུག་གི་རྔུལ་ཆུ་བསོགས་ཏེ་ཆེད་དུ་མི་རབས་གསར་བ་དག་ལ་བཞག་པའི་གནས་མལ་ཨེ་ཡིན་སྙམ་སོང་།

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྟོབས་ལྡན་རྒྱལ་དང་གཡང་འབུམ་རྒྱལ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་བང་ཆུང་སྡེ་བའི་འཕོ་འགྱུར་ཞེས་པ་དེ་ཡིན།

 

གསར་འགོད་པ། སྟོབས་ལྡན་རྒྱལ། གཡང་འབུམ་རྒྱལ།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། རྣ་བྷ། 

 

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།