ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

དབུལ་ཐར་ཙམ་གྱིས་དཀའ་ཁག་ཡོད་ཚད་ཐག་གིས་བཅད་པ་མིན། ༼ ཆེད་སྒྲིག ༽

སྤེལ་དུས། 2018-06-26 12:46:58   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། གཡང་འབུམ་རྒྱལ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཀྲུང་དབྱང་རླུང་འཕྲིན་ཁང་བོད་སྐད་འཕྲིན་ལམ་གཉིས་ཀྱིས་མཉམ་དུ་སྒྲུབ་བཞིན་པའི་བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན་ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་སྟོབས་ལྡན་རྒྱལ་གཉིས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་དབུལ་ཐར་ཙམ་གྱིས་དཀའ་ཁག་ཡོད་ཚད་ཐག་གིས་བཅད་པ་མིན་ཞེས་པར་གསན་རོགས་གནོངས།

སྙན་སྒྲོན་པ། 〖རོལ་མོའི་སྒྲ་དང་བསྲེས་པ།〗 རྒྱལ་ཡོངས་སུ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་རིང་དུ་མི་དམངས་མང་ཚོགས་ཀྱི་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱིས་གནད་འཁེལ་དབུལ་སྐྱོར་གྱི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་ལེན་དུ་བསྟར་བ་དེས། བོད་ཁམས་ཀྱི་ས་གནས་མང་པོ་ཞིག་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ནི་མིག་མཐོང་ལག་ཟིན་གྱི་དོན་དག་ཅིག་རེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ནི་ཉེ་ལམ་རང་ཞིང་གི་དབུལ་ཐར་བྱས་ཟིན་པའི་རྫོང་མཁར་གྱི་གྲས་སུ་གཏོགས་པ་རེད། ང་ཚོ་རྩྭ་ཐང་གི་རྫོང་མཁར་དེའི་ཞང་གྲོང་དང་སྡེ་བ་སྐོར་ཞིག་ལ་ཐོན་དུས། སྔོན་གྱི་ལོ་བཅུ་ཁ་ཞིག་གི་ཡར་སྔོན་དུ་ང་རང་གནས་འདིར་ཡོང་དུས་དང་བསྡུར་ན་ཡུལ་འདིའི་རྨང་གཞིའི་སྒྲིག་ཆས་སོགས་ཕྱོགས་གང་ཅིའི་ཐད་ལ་དངོས་གནས་འགྱུར་ལྡོག་ཆེན་པོ་བྱུང་འདུག གཡུ་སྒང་ཉིན་གྲོང་རྡལ་གྱི་བྲག་དམར་སྡེ་བ་ནི་སྔོན་ཆད་འགྲིམ་འགྲུལ་སོགས་སྟབས་མི་བདེ་ཞིང་མཐོ་སྒང་ན་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ཆེས་དབུལ་ཕོངས་ཀྱི་སྡེ་བ་ཞིག་ཡིན། ཡིན་ནའང་སྡེ་བ་དེའི་མི་དམངས་མང་ཚོགས་ཀྱིས་མིག་མདུན་གྱི་འཚོ་བའི་དཀའ་ངལ་སྣ་ཚོགས་ལ་མགོ་བོ་མི་སྒུར་བར་སྡེ་བ་དེ་རུ་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་སྡེ་བའི་ཧྲུའུ་ཅིའི་འགན་འཁུར་མྱོང་བའི་ཧྲུའུ་ཅི་གདུགས་བྷོ་སོགས་སྡེ་བའི་ལས་བྱེད་པ་རྣམས་ཀྱི་སྣེ་ཁྲིད་འོག ཕྱུགས་ལས་ཐོན་སྐྱེད་གཉེར་བ་རྨང་གཞིར་བཟུང་ཐོག་རང་རང་གི་ནུས་པར་བརྟེན་ནས་ཞོར་ལས་རིགས་སྣ་ཚོགས་ཤིག་ཀྱང་རིམ་པར་གཉེར་བས་ལོ་འགའི་སྔོན་ནས་བཟུང་སྡེ་བ་དེའི་སྤྱིའི་འཕེལ་རྒྱས་ཀྱི་ཆ་ལ་འཕོ་འགྱུར་ཆེན་པོ་བྱུང་ཞིང་། དབུལ་ཕོངས་ཞེས་པའི་ཞྭ་མོ་དེ་རྩ་བ་ནས་ཕུད་དེ་རྫོང་ཡོངས་དང་མཉམ་དུ་དབུལ་ཐར་བྱས་པ་རེད། ད་ལྟ་སྡེ་བ་དེའི་ཆུ་གློག་ལམ་གསུམ་སོགས་ཤིན་ཏུ་སྟབས་བདེ་ཞིང་ཁྱིམ་ཚང་མང་ཆེ་བ་ཞིག་ཐོག་སོ་ཅན་གྱི་ཁང་པར་བསྡད་ཡོད་པར་མ་ཟད། རིན་གོང་མཐོ་དམན་སྣ་ཚོགས་ཀྱི་རླངས་འཁོར་མེད་པའི་ཁྱིམ་ཚང་ཡང་ཧ་ཅང་ཉུང་ཚོད་རེད། ད་ལྟ་རྫོང་ཡོངས་སུ་བྲག་དམར་སྡེ་བ་ནི་འབྱོར་འབྲིང་འཚོ་བའི་ལམ་དུ་བསྐྱོད་པའི་དཔེ་སྟོན་རང་བཞིན་གྱི་སྡེ་བར་གྱུར་འདུག སྔོན་ཆད་ཆེས་དབུལ་ཕོངས་ཀྱི་སྡེ་བ་ཞིག་དབུལ་ཐར་བྱས་ནས་འབྱོར་འབྲིང་འཚོ་བའི་ལམ་དུ་བསྐྱོད་དགོས་ན་དཀའ་སྡུག་གི་བརྒྱུད་རིམ་རིང་མོ་ཞིག་ཅིས་ཀྱང་ཡོད་སྲིད་ལ། བརྒྱུད་རིམ་དེའི་རྒྱབ་ཕྱོགས་ན་དཀའ་སྤྱད་ཀྱི་རྔུལ་ཆུས་བྲན་པའི་གཏམ་རྒྱུད་མང་པོ་ཞིག་ཀྱང་ཡོད་སྲིད་དེ། དེ་དག་ལ་རྒྱུས་ལོན་རགས་ཙམ་བྱས་པར་བྲག་དམར་སྡེ་བའི་ཧྲུའུ་ཅི་གདུགས་བྷོ་ཡིས་ང་ཚོར་ཁ་བརྡ་འདི་ལྟར་བྱས་བྱུང་།

གདུགས་བྷོ། ང་རང་ཉིད་ནི་གཡུ་སྒང་ཉིན་གྲོང་རྡལ་བྲག་དམར་སྡེ་བའི་ཧྲུའུ་ཅི་ཡིན། ངའི་མིང་ལ་གདུགས་བྷོ་ཟེར། སྡེ་བ་འདིའི་ཧྲུའུ་ཅིའི་འགན་འཁུར་ནས་ལོ་ངོ་བཅོ་བརྒྱད་ཙམ་སོང་། ང་ཚོ་བྲག་དམར་སྡེ་བ་འདིར་མཚོན་ན་སྔོན་ཆད་ཕྱུགས་ལས་ཐོན་སྐྱེད་ཁོ་ན་གཉེར་བའི་སྡེ་བ་ཞིག་ཡིན་པ་དང་། ཆུ་གློག་ལམ་གསུམ་སོགས་ཀྱི་ཐད་ནས་སྟབས་ཤིན་ཏུ་མི་བདེ་ལ་སྡེ་བའི་ཆགས་སྟངས་ཀྱི་ཐད་ནས་ཀྱང་གས་མ་གསུམ་དུ་བྱས་ནས་བསྡད་ཡོད་པའི་ཆེས་དབུལ་ཕོངས་ཀྱི་སྡེ་བ་ཞིག་ཡིན། ཡིན་ནའང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་པས་ད་ལྟ་ཆུ་གློག་ལམ་གསུམ་སོགས་ཀྱི་ཐད་ལ་འང་དཀའ་ཁག་ཅི་ཡང་མེད་པ་དང་། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་ཀྱིས་མ་དངུལ་མང་པོ་ཞིག་དོན་འཁྱོལ་བྱས་པས་སྡེ་བ་འདིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་དབུལ་ཐར་བྱས་པ་རེད། ཡིན་ནའང་དབུལ་ཐར་བྱས་པ་ཙམ་གྱིས་དཀའ་ཁག་ཡོད་ཚད་ཐག་གིས་བཅད་ཟིན་པ་ཞིག་གཏན་ནས་མ་རེད། དེའི་སྟབས་ཀྱིས་སྡེ་བའི་མང་ཚོགས་རྣམས་ཀྱིས་ཀྱང་ད་དུང་རང་གི་ནུས་པ་ལ་བརྟེན་ནས་ཡོང་སྒོ་འཚོལ་དགོས་པའི་གནས་ཚུལ་དེ་འདྲ་ཞིག་རེད།

སྙན་སྒྲོན་པ། བྲག་དམར་སྡེ་བའི་ཧྲུའུ་ཅི་གདུགས་བྷོས་བཤད་པ་ནང་བཞིན། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་དབུལ་ཐར་བྱས་པ་ཙམ་གྱིས་དཀའ་ཁག་ཡོད་ཚད་རྩ་བ་ནས་ཐག་གིས་བཅད་པ་ཞིག་ག་ལ་ཡིན། མ་འོངས་འབྱོར་འབྲིང་འཚོ་བའི་ལམ་དུ་བསྐྱོད་དགོས་ན་བྲག་དམར་སྡེ་བས་ད་དུང་རང་གི་འཚོ་གནས་གསར་སྐྲུན་བྱེད་པར་བྱེད་ཐབས་སྣ་མང་ཞིག་འཚོལ་སྙེག་བྱེད་དགོས་པ་སྨྲས་མ་དགོས་པ་ཞིག་རེད། དེའི་སྐོར་ནས་ང་ཚོས་ཡང་བསྐྱར་ཧྲུའུ་ཅི་གདུགས་བྷོའི་ཁ་བརྡ་ཐུང་ངུ་ཞིག་ལ་ཉན་རྒྱུ་བྱེད།

གདུགས་བྷོ། ང་ཚོས་རྫོང་སྲིད་གཞུང་ལ་ཚོང་ལས་གཉེར་སའི་ས་ཁུལ་ཞིག་དགོས་པའི་གནས་ཚུལ་ཡར་ཞུ་བྱས་པར་སྲིད་གཞུང་གིས་ང་ཚོ་བྲག་དམར་སྡེ་བར་རྫོང་མཁར་དང་ཉེ་ས་ནས་ས་མུའུ་བདུན་ཅུ་དོན་དགུ་ལྷག་གི་ཆོག་མཆན་བཀོད་པ་རེད། དེའི་སྟེང་དུ་ང་ཚོས་མགྲོན་ཁང་དང་ཟ་ཁང་། ཇ་ཁང་བཅས་གཞི་གཅིག་ཏུ་གྲུབ་པའི་ཡུལ་སྐོར་བ་སྣེ་ལེན་བྱེད་སའི་ཚོང་ལས་ས་ཁུལ་ཞིག་འཛུགས་སྐྲུན་བྱས་པ་ཡིན། ན་ནིང་དེ་ལས་ཐོན་པའི་ཡོང་འབབ་སྐོར་ཞིག་མི་དམངས་མང་ཚོགས་ལ་བགོ་བཤའ་འང་བརྒྱབ་ཟིན་པ་ཡིན། ད་ལོ་ནས་བཟུང་སྟེ་པེ་ཅིན་དང་ཧྲང་ཧེ། ཧྲིན་ཀྲིན། ཐེན་ཅིན། ཁྲོང་ཆིན་སོགས་གྲོང་ཁྱེར་ལྔ་ཡིས་ཆེད་དུ་ལོ་གསུམ་གྱི་རིང་ལ་ང་ཚོ་བྲག་དམར་སྡེ་བར་རིག་གནས་ཡུལ་སྐོར་སོགས་ཀྱི་ཐོན་ལས་ཐད་ལ་རོགས་སྐྱོར་བྱེད་རྒྱུའི་འཆར་གཞི་བཀོད་ཡོད། དེའི་སྟབས་ཀྱིས་ང་ཚོས་ཀྱང་འགན་འཁྲི་དང་དུ་བླངས་ནས་སྡེ་མི་ཡོངས་ལ་ཚོང་ལས་ཀྱི་ནང་དུ་ཧུར་བརྩོན་སྒོས་ཞུགས་དགོས་པའི་སྐུལ་སློང་དང་བཀོད་སྒྲིག་བྱེད་བཞིན་ཡོད།

སྙན་སྒྲོན་པ། བཀྲ་རྡོ་ནི་བྲག་དམར་སྡེ་བའི་སྡེ་མི་རྒན་པ་ཞིག་ཡིན་ལ་ཁོ་ཚང་གི་ཁྱིམ་ཚང་གི་ཆ་རྐྱེན་ཡང་སྔོན་ཆད་ཧ་ཅང་ཞན་ན་ཡང་། ལོ་ངོ་མང་པོའི་རིང་ལ་ཁོས་དཀའ་ལས་མང་པོ་བརྒྱབ་སྟེ་རང་གི་འཚོ་ལམ་གསར་སྐྲུན་བྱས་པས་ད་ལྟ་ཁོ་ཚང་གི་འཚོ་བའི་ཆ་རྐྱེན་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁོས་སྔོན་ཆད་ཀྱི་བྲག་དམར་སྡེ་བའི་དབུལ་ཕོངས་ཀྱི་རྣམ་པར་ཕྱི་དྲན་བྱེད་ཞོར་དུ། ད་ལྟ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཅིང་ཚོང་ལས་ཀྱི་ལམ་ཁར་སྙེག་ན་མི་དམངས་མང་ཚོགས་ཀྱི་རྗེས་ཕྱོགས་ཀྱི་འཚོ་བའི་ཐད་ལ་དགེ་མཚན་ཆེན་པོ་ཡོད་ཚུལ་སྐོར་ནས་ཁ་བརྡ་ཐུང་ངུ་ཞིག་བྱས་བྱུང་།

བཀྲ་རྡོ། ང་རང་ཉིད་ནི་བྲག་དམར་སྡེ་བའི་སྡེ་མི་ཞིག་ཡིན། མིང་ལ་བཀྲ་རྡོ་ཟེར། བྲག་དམར་སྡེ་བ་འདི་ལ་མཚོན་ན་སྔོན་ཆད་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་དབུལ་ཕོངས་ཀྱི་སྡེ་བ་ཞིག་ཡིན། ཡིན་ནའང་དབུལ་ཐར་བྱས་རྗེས་ང་ཚོ་སྡེ་བས་ཚོང་ལས་མཉམ་ལས་ཁང་འདི་འདྲ་ཞིག་བཙུགས་ཏེ་ཚོང་ལས་གཉེར་པས་སྡེ་བའི་མང་ཚོགས་རྣམས་ཀྱང་ཚོང་ལས་སུ་ཞུགས་རྒྱུའི་འདུ་ཤེས་ལྡན་པར་གྱུར་བ་དང་། ཚོང་ལས་འདི་གཉེར་བ་བརྒྱུད་ནས་ད་ལོ་ཡོང་འབབ་ཡང་བགོ་བཤའ་བརྒྱབ་པ་ཡིན། མུ་མཐུད་དུ་འདི་ལྟར་ཚོང་ལས་གཉེར་ནས་སོང་ན་རྗེས་ཕྱོགས་སུ་མི་དམངས་ཀྱི་འཚོ་བ་གོང་འཕེལ་དུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་རྒྱུ་རེད་སྙམ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཀྲུང་དབྱང་རླུང་འཕྲིན་ཁང་བོད་སྐད་འཕྲིན་ལམ་གཉིས་ཀྱིས་མཉམ་དུ་སྒྲུབ་བཞིན་པའི་བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན་ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོ་ལས་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་སྟོབས་ལྡན་རྒྱལ་གཉིས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་དབུལ་ཐར་ཙམ་གྱིས་ཡོད་ཚད་ཐག་གིས་བཅད་པ་མིན་ཞེས་པ་དེ་ཡིན། ཁྱེད་ཚོས་གསན་པར་བཀའ་དྲིན་ཆེ།

微信图片_201805211118344.jpg

གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གཡུ་སྒང་ཉིན་གྲོང་རྡལ་བྲག་དམར་སྡེ་བའི་ཧྲུའུ་ཅི་གདུགས་བྷོ་ལ་བཅར་འདྲི་བྱེད་བཞིན་པ།

微信图片_201805211118343.jpg

 གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གཡུ་སྒང་ཉིན་གྲོང་རྡལ་བྲག་དམར་སྡེ་བའི་སྡེ་མི་བཀྲ་རྡོ་ལ་བཅར་འདྲི་བྱེད་བཞིན་པ།

 121486044902690096.jpg

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གཡུ་སྒང་ཉིན་གྲོང་རྡལ་བྲག་དམར་སྡེ་བའི་ཆེད་ལས་མཉམ་ལས་ཁང་གི་གསོལ་ཁང་ཆེན་མོའི་ཟུར་ཙམ།

གསར་འགོད་པ། གཡང་འབུམ་རྒྱལ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།