ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

ལྷམ་འདེབས་མཁན་གྱི་སློབ་ཆེན་པ། ༼ ཆེད་སྒྲིག ༽

སྤེལ་དུས། 2018-06-26 13:04:17   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། གཡང་འབུམ་རྒྱལ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཀྲུང་དབྱང་རླུང་འཕྲིན་ཁང་བོད་སྐད་འཕྲིན་ལམ་གཉིས་ཀྱིས་མཉམ་དུ་སྒྲུབ་བཞིན་པའི་བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན་ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་སྟོབས་ལྡན་རྒྱལ་གཉིས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་ལྷམ་འདེབས་མཁན་གྱི་སློབ་ཆེན་པ་ཞེས་པར་གསན་རོགས་གནོངས།

སྙན་སྒྲོན་པ། ལོ་རབས་དགུ་བཅུ་བའི་སྨད་ཙམ་ནས་བཟུང་སྟེ་བོད་ཀྱི་སློབ་གྲྭ་ཆེན་མོ་བ་མང་པོ་ཞིག་སློབ་མཐར་ཕྱིན་ནས་ཕྱིར་སྤྱི་ཚོགས་ཀྱི་སྟེང་དུ་ཐོན་དུས། ཁོ་ཚོར་ཐད་ཀར་དུ་ལས་གནས་བཀོད་སྒྲིག་བྱེད་པའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དེས། ཁོ་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་གིས་ཏང་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་བཟང་པོའི་འོག རང་ཉིད་ཀྱི་བློ་གྲོས་དང་བརྩོན་འགྲུས་ལ་བརྟེན་ནས་རང་གི་འཚོ་ལམ་རང་གིས་གསར་སྐྲུན་བྱེད་ཀྱིན་ཡོད། ཐུན་རིན་རྫོང་ལྕང་སྐྱ་སྡེ་བའི་པདྨ་རིག་འཛིན་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་ཕྱིར་ཕ་ཡུལ་ལ་ཐོན་དུས་ནི་ཏག་ཏག་སྐབས་དེ་འདྲ་ཞིག་ལ་ཁེལ་འདུག སྐབས་དེར་ཁོས་མུ་མཐུད་དུ་རང་གི་རིག་གནས་ཤེས་བྱའི་ཆུ་ཚད་མཐོར་རུ་འདེགས་ཆེད། པེ་ཅིན་ཕྱི་སྐད་སློབ་གླིང་དང་པེ་ཅིན་ལག་རྩལ་སློབ་གྲྭ་ཆེན་མོ་སོགས་འགྲིམས་ནས་ལོ་ངོ་བཞིའི་རིང་དུ་སློབ་སྦྱོང་བྱས། སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་དུ་ཁོས་འཛམ་གླིང་ལ་ལྟ་བའི་མཐོང་རྒྱ་ཆེ་རུ་གྱུར་ཞིང་། ལྷག་པར་དུ་ཕྱི་རྒྱལ་གྱི་སློབ་གྲོགས་རེ་གཉིས་ཀྱིས་མི་ཞིག་ཡིན་ན་ཕུགས་བསམ་དང་མཐུན་པའི་འཚོ་བ་ཞིག་དགོས་ཤིང་། འཚོ་བ་དེ་རང་ཉིད་ཀྱི་བློ་གྲོས་དང་ལག་ཟུང་ལ་བརྟེན་ནས་གསར་སྐྲུན་བྱེད་དགོས་པའི་བག་ཆགས་མཐུག་པོ་ཞིག་པདྨ་རིག་འཛིན་གྱི་སེམས་སུ་སིམས་པར་བྱས་ཡོད། ཕྱིས་སུ་ཁོ་རང་ཕྱིར་ཕ་ཡུལ་དུ་ལོག་སྟེ་ཚོང་ལས་ཆུང་ཆུང་རེ་གཉེར་བའི་ལས་ལ་ཞུགས། ཡིན་ནའང་སྐབས་དེར་པདྨ་རིག་འཛིན་གྱི་ཡིད་ལ་ཡང་ཡང་འཁོར་བཞིན་པ་ནི། ཇི་སྐད་དུ་སེང་གེ་གཤོང་གི་ཐང་ཀ་དང་ལྕང་སྐྱའི་ལྷམ་ཞེས་ཡུལ་ཕྱོགས་ཀུན་ཏུ་གྲགས་ཆེ་བ་ལྟར། ཁོ་ཚོའི་ཕ་མེས་ཡང་མེས་དག་ནས་བརྒྱུད་ཡོང་བའི་ཁོའི་ཕ་ཡུལ་ལྕང་སྐྱ་སྡེ་བའི་བོད་ལྷམ་འདེབས་པའི་སྲོལ་རྒྱུན་ཤུལ་བཞག་རིག་གནས་རྩ་ཆེན་དེའི་ལག་རྩལ་རྒྱུད་འཛིན་བྱེད་རྒྱུ་དེ་རེད། དེས་ན་མཚམས་འདི་ནས་འུ་ཚོས་མཉམ་གཅིག་ཏུ་པདྨ་རིག་འཛིན་གྱི་ཁ་བརྡ་ཐུང་ངུ་ཞིག་ལ་ཉན་ཏེ་ཁོ་རང་ལྕང་སྐྱའི་བོད་ལྷམ་འདེབས་པའི་སྲོལ་རྒྱུན་རིག་གནས་ལག་ཤེས་དེ་རྒྱུད་འཛིན་བྱེད་པའི་ལས་ལ་ཇི་ལྟར་ཞུགས་པའི་སྐོར་ལ་རྒྱུས་ལོན་ཞིག་བྱེད།

པདྨ་རིག་འཛིན། ངའི་མིང་ལ་པདྨ་རིག་འཛིན་ཟེར། ཕ་ཡུལ་རེབ་གོང་ལྕང་སྐྱ་སྡེ་བའི་ཡིན། ཆུང་དུས་ནས་བཟུང་རང་གི་ཕ་མ་བཟང་བོའི་བཀའ་དྲིན་ལ་བརྟེན་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་གྱིས་འགྲིམས་ཏེ། སློབ་གྲྭ་ཆེན་མོ་ཡིན་ན་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགོས་འོས་སློབ་གླིང་ནས་སྤྱི་ལོ་ཉིས་སྟོང་བཞི་ལོར་སློབ་མཐར་ཕྱིན་པ་ཡིན། སྐབས་དེར་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་སྲིད་གཞུང་གིས་ཐད་ཀར་དུ་ལས་བགོ་བྱེད་མི་ཐུབ་པའི་གནས་སྐབས་ཤིག་ལ་འཕྲད་ཡོད། དེའི་སྟབས་ཀྱིས་རང་གིས་ད་དུང་མུ་མཐུད་དུ་སློབ་གཉེར་བྱེད་ཆེད། པེ་ཅིན་ཕྱི་སྐད་སློབ་གླིང་དང་པེ་ཅིན་ལག་རྩལ་སློབ་གྲྭ་ཆེན་མོ་སོགས་འགྲིམས་ནས་ལོ་ངོ་བཞིའི་རིང་ལ་སློབ་སྦྱོང་བྱས་པ་ཡིན། དེ་ནས་ཕྱིར་ཕ་ཡུལ་དུ་ཡོང་རྗེས་ལོ་ངོ་བདུན་ཙམ་གྱི་རིང་ལ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཟ་ཁང་ཞིག་གཉེར་ནས་ལོ་ངོ་བདུན་ཙམ་སོང་། སྐབས་དེར་རང་གི་བསམ་ཚུལ་ཡིན་ན་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ནས་ཕྱིར་ཐོན་མཁན་ཞིག་ཡིན་ན་ངེས་པར་དུ་རང་ས་རང་ཡུལ་གྱི་ཉམས་དམས་སུ་འགྲོ་བཞིན་པའི་སྲོལ་རྒྱུན་རིག་གནས་ཀྱི་སྐོར་རྒྱུད་འཛིན་བྱེད་པ་དང་། དེ་མིན་རང་ཡུལ་གྱི་ཁ་ཡ་ན་ཟླ་རྣམས་ལ་ཡང་ལས་ཀ་ཞིག་རེག་ཏུ་འཇུག་ཨེ་ཐུབ་སྙམ་པའི་ཀུན་སློང་གིས་ང་ཚོ་ལྕང་སྐྱ་སྡེ་བའི་བོད་ལྷམ་འདེབས་པའི་སྲོལ་རྒྱུན་རིག་གནས་ལག་རྩལ་འདི་རྒྱུན་འཛིན་བྱེད་པར་ལོ་མང་པོའི་རིང་དུ་དེའི་མ་དངུལ་དང་རྒྱུ་ཆ་གསོག་གཉེར་བྱེད་པ་བཅས་ཀྱི་བྱ་བར་གྲ་སྒྲིག་བྱས་པ་ཡིན། གྲ་སྒྲིག་མང་པོ་བྱས་པ་བརྒྱུད་ནས་སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོར་ངའི་བཟང་ས་ཤ་བོ་རྣམ་བྱམས་དང་ངེད་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་ད་གཟོད་རེབ་གོང་ལྕང་སྐྱའི་བོད་ལྷམ་ཐོན་འབྱེད་ཚད་ཡོད་སྤྱི་གཉེར་ཁང་ཞེས་པ་འདི་བཙུགས་པ་ཡིན།

སྙན་སྒྲོན་པ། དེ་ཡང་རེབ་གོང་ས་ཆ་འདི་རུ་སེང་གེ་གཤོང་གི་ཐང་ཀ་དང་ལྕང་སྐྱའི་ལྷམ་ཞེས་པའི་བཤད་ཚུལ་ཞིག་ཡོད་པ་ནང་བཞིན་ལྕང་སྐྱ་སྡེ་བའི་བོད་ལྷམ་འདི་ནི་མདོ་སྨད་ཀྱི་ས་ཆ་མང་པོ་ཞིག་ཏུ་ཧ་ཅང་གྲགས་ཆེ་བ་རེད། ཡིན་ནའང་སྐབས་ཤིག་ལ་སྡེ་བ་འདིས་མི་རྣམས་ཀྱིས་དབྱར་རྩྭ་དགུན་འབུ་འཐུ་བའི་ལས་ཀ་གཉེར་བར་བརྟེན་སྲོལ་རྒྱུན་གྱི་ལག་ཤེས་རིག་གནས་སྐོར་ཞིག་རང་ཤུགས་ཀྱིས་གཉེར་མཁན་མེད་པའི་གནས་སུ་ལྷུང་ཞིང་། ཐ་ན་ཕ་མེས་ཀྱི་རིང་ནས་བརྒྱུད་ཡོང་བའི་ལྷམ་འདེབས་པའི་སྲོལ་རྒྱུན་གྱི་ལག་ཤེས་འདི་ཡང་གཉེར་མཁན་ཇེ་ཉུང་དུ་སོང་བ་དང་། ལོ་ན་ལྔ་བཅུའི་མན་གྱི་སྡེ་མི་ཚོས་བོད་ལྷམ་འདེབས་པའི་ལག་རྩལ་འདི་གཏན་ནས་མི་ཤེས་པའི་གནས་སུ་གྱུར་པ་རེད། པདྨ་རིག་འཛིན་ལ་མཚོན་ན་རྩ་མེད་དུ་འགྲོ་བཞིན་པའི་བོད་ལྷམ་འདེབས་པའི་སྲོལ་རྒྱུན་རིག་གནས་འདི་ཉིད་མྱུར་སྐྱོབ་དང་རྒྱུད་འཛིན་བྱེད་རྒྱུའི་འདུན་པ་ཆེས་ཆེར་ལྡན་ན་ཡང་། མི་ཁ་གནམ་གྱིས་མི་ཁོག་ཅེས་པའི་དཔེ་ལྟར། སྤྱི་ཚོགས་ཀྱི་ཟུར་དང་ཟུར་ན་བོད་ཀྱི་སློབ་ཆེན་པ་ཞིག་གིས་ལྷམ་འདེབས་པའི་ལས་ཀ་གཉེར་བ་ལ་མྱི་ཁའི་གླེང་བརྗོད་ཀྱང་སྣ་ཚོགས་ཤིག་སྤེལ་བཞིན་མཆིས། ཡིན་ནའང་པདྨ་རིག་འཛིན་ལྟ་བུའི་སློབ་ཆེན་པ་ཞིག་ལ་མཚོན་ན་མྱི་ཁ་དེ་དག་ནི་རྣ་རྒྱབ་ཀྱི་ལྷགས་པ་བཞིན་དོར་ཆོག་མོད། དེ་ལས་གཞན་པའི་དཀའ་ཁག་མང་པོ་ཞིག་ལ་ཁོས་ད་དུང་དངོས་སུ་གདོང་གཏོད་དགོས་པ་དེ་རེད།
པདྨ་རིག་འཛིན། ལས་ཀ་འདི་གཉེར་དུས་དཀའ་ཁག་ཀྱང་མང་པོར་འཕྲད་མྱོང་། དཔེར་ན་དཔལ་འབྱོར་ཐད་ཀྱི་དཀའ་ཁག་དང་ལག་རྩལ་ཐད་ཀྱི་དཀའ་ཁག མི་སྣའི་དོ་དམ་ཐད་ཀྱི་དཀའ་ཁག་བཅས་མང་པོ་ཞིག་ལ་འཕྲད་ནི་རེད། འདིའི་ཐད་ལ་སྲིད་གཞུང་གིས་ཀྱང་སྔ་གཞུག་ཏུ་སྒོར་མོ་ས་ཡ་བཞི་དང་འབུམ་གཅིག་ལྷག་གི་སྐྱེད་ཀའི་ཕྱེད་ཀ་སྲིད་གཞུང་རང་གིས་སྟེར་རྒྱུ་བྱས་ནས་རོགས་རམ་བྱས་པ་དང་། དེ་ལས་གཞན་ང་ཚོའི་སྡེ་བའི་ནང་གི་འཚོ་བའི་ཆ་རྐྱེན་ཅུང་ཞན་པ་རྣམས་ངའི་སྤྱི་གཉེར་ཁང་དུ་ཡོང་ནས་ལས་ཞུགས་བྱེད་རྒྱུ་བཅས་བྱས་ནས་ལས་ཀ་འདི་གཉེར་བ་ཞིག་ཡིན།

སྙན་སྒྲོན་པ། གནའ་སྔ་མོ་ཞིག་ནས་བཟུང་ལྕང་སྐྱ་སྡེ་བའི་ཕ་མེས་དག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་ཞིང་། རང་གི་འཚོ་བའི་རྟེན་གཞི་ཉག་གཅིག་ཏུ་གྱུར་བའི་ལྕང་སྐྱའི་ལྷམ་ཞེས་རང་རེའི་ཡུལ་ཕྱོགས་མང་པོ་ཞིག་ཏུ་གྲགས་ཆེ་བའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་རིན་ཐང་ལྡན་པ་འདི་ཉིད། བར་སྐབས་ཤིག་ལ་ཕྱི་ནང་གི་རྒྱུ་རྐྱེན་དུ་མ་ཞིག་གི་དབང་གིས་ཡོངས་སུ་ཉམས་པའི་གནས་སུ་ལྷུང་དུས། ཕ་མེས་ཀྱི་སྲོལ་རྒྱུན་རིག་གནས་ལ་དུང་བ་ཟབ་ཅིང་སྤྱི་ཚོགས་ཀྱི་འཚོ་བའི་མིག་རྒྱང་རིང་བའི་སློབ་ཆེན་པ་པདྨ་རིག་འཛིན་གྱིས་དཀའ་སྡུག་སྣ་ཚོགས་ཤིག་ཁྱད་དུ་བསད་ནས་ཕ་མེས་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་འདི་ཉིད་ཡང་བསྐྱར་རྒུད་པའི་གཡང་ནས་སྐྱོབ་པ་ནི། ང་ཚོ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དུང་བ་ཟབ་མཁན་ཞིག་ཡིན་ན་ཅིས་ཀྱང་དགའ་འོས་པའི་དོན་དག་འབའ་ཞིག་ཅི་ལ་མིན། ང་ཚོ་ལྕང་སྐྱ་སྡེ་བའི་བོད་ལྷམ་བཟོ་གྲྭར་ཐོན་དུས་རྒན་པོ་ཞིག་གིས་སེམས་ཞིབ་མོས་བོད་ལྷམ་འདེབས་ཀྱིན་འདུག་ལ་ཁོས་བཏབ་པའི་བོད་ལྷམ་རེ་རེ་ཡིས་དངོས་ནས་མིག་དབང་འཕྲོག་པར་བྱེད། ཁོང་གི་ལུས་ཟོར་དེ་འདྲ་ཡང་རྒྱུ་མེད་ནའང་ཁ་བརྡ་བྱེད་པའི་གོ་རིམ་ཤིན་ཏུ་གསལ་བས་ཁོང་གི་ཁ་བརྡ་བརྒྱུད་ནས་ང་ཚོས་ལྕང་སྐྱ་སྡེ་བའི་བོད་ལྷམ་སྲོལ་རྒྱུན་ལག་ཤེས་སྐོར་ལ་འདི་ནས་རྒྱུས་ལོན་ཐུང་ངུ་ཞིག་བྱེད་ཐུབ་པར་གྱུར་བ་ལ་ཤིན་ཏུ་སྤྲོ་བ་འཕེལ།

མཆོག་ལྡན། ངའི་མིང་ལ་མཆོག་ལྡན་ཟེར། ད་ལོ་ལོ་བདུན་ཅུ་དོན་ལྔ་ཡིན། ལོ་ཉེར་གཉིས་སྟེང་ནས་བཟུང་སྟེ་བོད་ལྷམ་བཏབ་པ་ཡིན། ང་ཚོའི་སྡེ་བ་འདི་སྔོན་ཆད་ནས་བཟུང་ཧམ་འདེབས་སྡེ་བ་རེད། རེབ་གོང་ཁོག་ན་ཧམ་འདེབས་ཡོད་ནི་ཡོད་ཀྱང་སྡེ་བ་ཡོངས་ཀྱིས་ཧམ་འདེབས་པ་ང་ཚོ་ལྕང་སྐྱ་སྡེ་བ་མ་གཏོགས་ཡོད་ནི་མ་རེད། ལྕང་སྐྱ་སྡེ་བའི་མི་ཚང་མས་ཧམ་འདེབས་ནི་རེད། དེ་ལ་སྐྱེས་པ་རྣམས་ཀྱིས་ཧམ་འདེབས་པ་དང་སྐྱེས་མ་རྣམས་ཀྱིས་ཀོ་བ་བཅའ་དགོས་ནི་རེད། ཧམ་འདི་འདེབས་ན་ལས་ཀ་མང་ནི་རེད། ཀོ་བ་བཅའ་རྒྱུ་དེ་ནས་ཀོ་བ་ཆུ་ནང་དུ་འཕེན་པ། ཀོ་བ་ཆུ་ནས་བླངས་རྗེས་སྤུ་ལེན་པ། དེ་ནས་ཕྱིར་ཆུའི་ནང་ལ་འཕངས་རྗེས་ཆུ་ལྡར་གསོ་བ། དེ་ནས་ཕྱིར་བླངས་ཏེ་དུ་བ་རྒྱག་པ། དུ་བ་བརྒྱབ་རྗེས་ཀོ་བ་མཉེད་པ། ཀོ་བ་མཉེས་རྗེས་རང་བྱུང་གི་རྩི་ཤིང་དང་རྡོ་བ་སོགས་ལ་བརྟེན་ནས་ཀོ་བའི་མདོག་དམར་པོ་དང་ནག་པོ་སོགས་སུ་བསྒྱུར་རྗེས་ད་གཟོད་ཧམ་འདེབས་དགོས་ནི་རེད། སྔོན་ཆད་ངའི་ཕ་མ་གཉིས་ཀྱིས་ཧམ་འདེབས་ནི་རེད། དེའི་རྗེས་ནས་ད་ངས་བཏབ་ནི་རེད། ད་དུང་རྒན་པོ་གཉིས་ཡོད་ཁོ་གཉིས་ཀྱིས་ཀྱང་ཧམ་འདེབས་ནི་རེད། ཡིན་ནའང་ད་ལྟ་ཁོ་གཉིས་མ་འཚམ་ནི་རེད། ད་ལྟ་ད་རྒན་པའི་ནང་ན་ང་མ་གཏོགས་ཧམ་འདེབས་ནི་མེད། ཧམ་འདེབས་རྒྱུ་འདི་ལས་ཀ་ལྗིད་མོ་ཞིག་ཡིན་ནི་རེད། ཡིན་འང་སྔོན་ཆད་ཧམ་འདེབས་པ་དང་དེ་བཙོང་བ་ལ་བརྟེན་ནས་ཁ་གསོ་དགོས་ནི་རེད། ཡིན་ཡང་ད་སྐབས་ཀྱི་མི་ཚོས་འདི་ལས་ཀ་ལྗིད་མོ་རེད་ཟེར་ནས་ཧམ་འདེབས་ཁ་མི་ཉན་གི ཡིན་འང་ད་ལྟ་ངས་རང་གི་ནུས་ཚོད་ཀྱིས་མི་བཅུ་གཉིས་བཅུ་གསུམ་ཞིག་ལ་ཧམ་འདེབས་པའི་ལག་ཤེས་འདི་བསླབ་ཀྱིན་ཡོད། དེ་ལྟར་ངས་ཁོ་ཚོར་ཁྱོད་ཚོས་ཀྱང་ཧུར་བརྩོན་བྱས་ནས་ཧམ་འདེབས་པའི་ལག་རྩལ་འདི་སྦྱོངས་ཞེས་བཤད་བཞིན་ཡོད། འདི་ལྟར་བྱེད་དོན་ནི་རང་གི་བོད་ཀྱི་སྲོལ་རྒྱུན་དངོས་ཀྱི་ལག་རྩལ་འདི་མི་ཉམས་པའི་ཆེད་དུ་ཡིན།

སྙན་སྒྲོན་པ། ལྕང་སྐྱ་སྡེ་བའི་སྔོན་བྱོན་མེས་པོ་དག་གི་ཡུན་རིང་གི་འཚོ་བའི་སྦྱོང་བརྡར་ལས་ཐོན་པའི་བོད་ལྷམ་འདེབས་པའི་སྲོལ་རྒྱུན་རིག་གནས་ཀྱི་ལག་རྩལ་དེ་ཉམས་དམས་སུ་གྱུར་ཞིང་ཉག་ཕྲ་བའི་སྐབས་སུ། ཕ་ཡུལ་ལྕང་སྐྱ་ལུང་པ་ནས་འཚར་ལོངས་བྱུང་བའི་སྤྱིར་བཏང་གི་སློབ་ཆེན་པ་ཞིག་གིས་ལོ་ངོ་མང་པོར་དཀའ་སྤྱད་ཀྱི་རྔུལ་ཆུ་བཏོན་ནས། སླར་ཡང་རྨང་ནས་སྐྱོབ་པ་ནི་ཁོས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་ཕ་ཡུལ་གྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་ཐད་བཞག་པའི་རྨད་བྱུང་གི་ལག་རྗེས་ཡིན། ད་ལྟ་པདྨ་རིག་འཛིན་གྱི་དཀའ་སྡུག་གི་རྔུལ་ཆུ་ལས་བྱུང་བའི་ལྕང་སྐྱ་སྡེ་བའི་བོད་ལྷམ་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་པའི་བྱ་བ་དེ། བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རབས་གསར་བའི་ཉི་གཞོན་དང་འགྲོགས་ནས་འཕེལ་རྒྱས་ཀྱི་ལམ་ཁ་འདི་ལྟར་སྙེག་བཞིན་འདུག

པདྨ་རིག་འཛིན། གོང་རིམ་སྲིད་གཞུང་གིས་ཀྱང་ང་ཚོ་ལྕང་སྐྱ་སྡེ་བའི་བོད་ལྷམ་འདེབས་པའི་སྲོལ་རྒྱུན་རིག་གནས་ལག་རྩལ་འདི་ཉིད་ལ་མཐོང་ཆེན་བྱས་ཏེ། ཉིས་སྟོང་བཅུ་བདུན་ལོར་མཚོ་སྔོན་གྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲས་སུ་བདམས་ཐོན་བྱུང་བ་རེད། དེ་བས་རྒྱལ་ཁབ་ཀྱིས་འདི་ལ་མཐོང་ཆེན་བྱས་ནས་ང་ཚོ་ཡང་ནང་ལོག་གི་ས་ཆ་དག་ལ་གསབ་སྦྱོང་དུ་ཁྲིད་དེ། མ་འོངས་པར་ཚོང་ར་འདི་ཇི་ལྟར་འཕེལ་རྒྱས་སུ་གཏོང་བ་དང་མི་སྣ་ཇི་ལྟར་དོ་དམ་བྱེད་པ། རྩིས་གཉེར་བྱ་བ་ཇི་ལྟར་འཛིན་པ་བཅས་ལ་སློབ་སྦྱོང་བྱེད་དུ་བཅུག་པ་རེད། དེ་ལྟར་བྱས་ནས་ཕྱིར་ཡོང་ན་དངོས་གནས་རང་ཉིད་ཀྱི་བྱ་བར་ཕན་ཐོགས་པ་རེད། དེ་བས་ང་རང་ཉིད་ལ་མཚན་ནའང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་འདི་དང་བསྟུན་ནས་རང་གི་ཧུར་བརྩོན་དང་ནུས་པར་བརྟེན་ནས། ཚོང་རྫས་ཕྱིར་བཙོང་གི་ཐད་ལ་ནུས་པ་མི་དམན་པ་ཐོན་ཡོད་པ་དང་། ཐོན་རྫས་གསར་བའི་ཐད་ལ་ཡང་ང་ཚོས་ཞིབ་འཇུག་རབ་དང་རིམ་པ་བྱས་ནས་ལས་བཞིན་ཡོད་པས་དེ་ལ་ཚོང་རས་ཀྱང་དང་ལེན་དང་དགའ་བསུ་ཐོབ་ཀྱི་ཡོད། རྗེས་ཕྱོགས་སུ་ངས་མུ་མཐུད་དུ་ལས་ཀ་འདིའི་ཕྱོགས་ལ་འབད་བརྩོན་བྱས་ནས་རང་གི་སྡེ་བའི་ནང་གི་ཡོང་སྒོ་མེད་པའི་མི་མང་པོ་ཞིག་ལ་ལས་ཀ་སྤྲོད་རྒྱུ་ནི་ངའི་མི་ཚེ་འདིའི་འཆར་གཞི་དང་དམིགས་འབེན་ཡིན།

སྙན་སྒྲོན་པ། འདི་ནི་ཏང་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་གསར་བ་ལག་ཏུ་བསྟར་བའི་ཚུན་དུ་སྤྱིར་བཏང་གི་སློབ་ཆེན་པ་ཞིག་གིས་རང་གི་འཚོ་བའི་ཁ་ཕྱོགས་བཙལ་བའི་བརྩོན་པའི་བཤུད་ལམ་དངོས་དེ་ཡིན་ལ། པདྨ་རིག་འཛིན་གྱིས་རང་གི་ཕ་ཡུལ་ལྕང་སྐྱ་ལུང་པར་ཕུལ་བའི་མི་ཚེ་གཅིག་གི་ཟས་རིན་དེ་ཡང་ཡིན་ནོ། །

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཀྲུང་དབྱང་རླུང་འཕྲིན་ཁང་བོད་སྐད་འཕྲིན་ལམ་གཉིས་ཀྱིས་མཉམ་དུ་སྒྲུབ་བཞིན་པའི་བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན་ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོ་ལས་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་སྟོབས་ལྡན་རྒྱལ་གཉིས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་ལྷམ་འདེབས་མཁན་གྱི་སློབ་ཆེན་པ་ཞེས་པ་དེ་ཡིན། ཁྱེད་ཚོས་གསན་པར་བཀའ་དྲིན་ཆེ།

74485818534159364 - 副本.jpg 
གསར་འགོད་པས་རེབ་གོང་ལྕང་སྐྱའི་བོད་ལྷམ་ཐོན་འབྱེད་སྤྱི་གཉེར་ཁང་གི་སྤྱི་གཉེར་པ་པདྨ་རིག་འཛིན་ལ་བཅར་འདྲི་བྱེད་བཞིན་པ། 

264516749658786364.jpg

རེབ་གོང་ལྕང་སྐྱའི་བོད་ལྷམ་ཐོན་འབྱེད་སྤྱི་གཉེར་ཁང་གི་ལྷམ་འདེབས་ལག་ཤེས་པ་རྒན་པོ་མཆོག་ལྡན། 

454380587476092313.jpg

རེབ་གོང་ལྕང་སྐྱའི་བོད་ལྷམ་ཐོན་འབྱེད་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་པདྨ་རིག་འཛིན་གྱིས་ལྕང་སྐྱའི་བོད་ལྷམ་གྱི་རྒྱུ་ཆ་ངོ་སྤྲོད་བྱེད་བཞིན་པ།

825442323443122093.jpg
རེབ་གོང་ལྕང་སྐྱའི་བོད་ལྷམ་ཐོན་འབྱེད་སྤྱི་གཉེར་ཁང་གིས་བཟོས་པའི་རྒྱབ་ཁུག་དང་བོད་ལྷམ་སྣ་ཚོགས། 

གསར་འགོད་པ། གཡང་འབུམ་རྒྱལ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།