ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

ཆོས་སྐྱོང་དང་ཁོའི་རོང་ཁྱིམ་གཞིས་ཀ ༼ ཆེད་སྒྲིག ༽

སྤེལ་དུས། 2018-06-27 09:21:20   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྟོབས་ལྡན་རྒྱལ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའིབརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིནཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྟོབས་ལྡན་རྒྱལ་དང་གཡང་འབུམ་རྒྱལ་གཉིས་ཀྱིས་སྒྲ་བླངས་ཏེ་བཀོད་པའི་གནས་ཚུལ་ཆེད་རྩོམ། ཁ་ཡིག་ལ«ཆོས་སྐྱོང་དང་ཁོའི་རོང་ཁྱིམ་གཞིས་ཀ»ཞེས་པ་གཏང་རྒྱུ།

微信图片_20180703110448.jpg

གསར་འགོད་པས་སྣང་ར་ཞང་གི་ཞང་གཙོ་གཡང་འབུམ་ཚེ་རིང་ལ་བཅར་འདྲི་བྱེད་ཀྱིན་པ། 

微信图片_20180627093713.jpg

ཆོས་སྐྱོང་རོང་ཁྱིམ་གཞིས་ཀའི་སིལ་སྡོང་ར་བའི་ཟུར་ཞིག 

སྙན་སྒྲོན་པ། སྤྱི་ཟླ་ལྔ་བའི་ཟླ་མཇུག་ཏུ་མདའ་མོ་གཡང་རྫོང་དུ་གྲགས་པའི་གཅན་ཚ་རྫོང་ཐོག་ཏུ་འབྱོར་བའི་ཉིན་དེ་དག་གི་རིང་ལ། གང་དུ་མི་སེམས་སྒུལ་ནུས་པའི་གཏམ་རྒྱུད་རེ་ཡོད་ན་དེ་རུ་ཆས་ཤིང་། གང་དུ་བརྩོན་པ་ལས་བྱུང་བའི་འབྲས་བུ་རེ་ཡོད་ན་དེ་རུ་བཅར་བ་ཡིན། ཡུལ་འདིར་སྐད་གྲགས་ཆེ་བའི་སྣང་རའི་སྟོང་དཔོན་གཞིས་ཀ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་གཞིས་རྙིང་མང་དུ་ཡོད་པ་ལས་ཅུང་ཆ་ཚང་བའི་བོད་ལུགས་རྣམ་པ་ཅན་གྱི་གཞིས་ཀ་ཞིག་ཡིན་པ་སྔ་མོ་ནས་ཐོས་མྱོང་མོད། རང་ཉིད་དངོས་སུ་སོང་ནས་གནས་དེའི་ཕྱི་ནང་གི་བཀོད་པར་མཇལ་མ་མྱོང་། ཐེངས་འདིར་བཅར་འདྲིའི་གོ་སྐབས་དང་བསྟུན་ནས་གནའ་ཤུལ་དེའི་རིག་གནས་དང་། གནས་དེའི་ཉེ་འཁོར་གྱི་མང་ཚོགས་དག་གི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་རེ་བྱེད་ཆེད། ང་ཚོ་བཅར་འདྲིའི་ཚན་ཆུང་ཡུལ་སྣང་རའི་ཕྱོགས་སུ་ཆས་པ་ཡིན།

གཡང་འབུམ་ཚེ་རིང་ ངའི་མིང་ལ་གཡང་འབུམ་ཚེ་རིང་ཟེར། ང་ནི་གཅན་ཚ་རྫོང་སྣང་ར་ཞང་གི་ཞང་གཙོ་ཡིན། ང་ཚོའི་སྣང་ར་ཞང་འདིར་མཚོན་ན། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་དུ། དབུལ་ཐར་ཕྱུག་འགྱུར་དང་། དཔལ་འབྱོར་འཛུགས་སྐྲུན། སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ཐད་ནས་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད། དེ་རིང་ཁྱོད་ཚོ་འདིར་ཡོང་ནས་བཅར་འདྲི་བྱེད་ན། ང་ཚོའི་ཞང་གི་ཐག་ཉེ་འདིར་ཚེགས་རྒྱལ་ཟེར་བའི་སྡེ་བ་ཞིག་ཡོད་ཅིང་། སྡེ་བའི་དེའི་ནང་དུ་མིང་ལ་ཆོས་སྐྱོང་ཟེར་བའི་གསར་བུ་ཞིག་ཡོད། ཁོ་རང་ལོ་ན་ཆུང་བའི་སྐབས་སུ་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ཞན། རྗེས་ནས་ཁོ་རང་གི་འབད་བརྩོན་དང་རྒྱལ་ཁབ་ཀྱི་དམངས་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ཞིག་ལ་བརྟེན་ནས། ད་སྐབས་ཁོའི་འཚོ་བར་འགྱུར་ལྡོག་ཆེན་པོ་ཐེབས་འདུག

སྙན་སྒྲོན་པ། གསར་འགོད་པ་ཞིག་ལ་མཚོན་ནས་བཤད་ན། གསར་འགྱུར་གྱི་ཁུངས་སྣེ་འཚོལ་རྒྱུ་ནི་རྩ་བའི་འགན་འཁྲི་ཡིན་པར་མ་ཟད། གསར་འགྱུར་གྱི་ཁུངས་སྣེ་འདོན་སྤྲོད་བྱས་པ་དེ་ལས་རྒྱབ་སྐྱོར་དང་རོགས་རམ་ཞིག་གང་ན་ཡོད། སྣང་རའི་ཞང་གཙོ་གཡང་འབུམ་ཚེ་རིང་དང་འཕྲད་ནས་སྣང་རའི་གཡས་གཡོན་གྱི་སྡེ་བ་དང་། ལྷག་པར་དུ་ཚེགས་རྒྱལ་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་རགས་ཙམ་བྱེད་ཐུབ་སོང་། ཚེགས་རྒྱལ་སྡེ་བའི་ཉེ་འཁོར་དུ་སྣང་རའི་མཆོད་རྟེན་རིང་མོ་དང་། སྣང་རའི་གསེར་ཁང་། སྟོང་དཔོན་གཞིས་ཀ རྔ་སྒར་དགོན་པ་སོགས་མཆོད་མཇལ་དང་ལྟ་སྐོར་བྱེད་སའི་གནས་གྲགས་ཅན་མང་པོ་ཞིག་ཡོད་ལ། ཡུལ་སྐོར་ལས་རིགས་འདིར་བརྟེན་ནས་སྡེ་བའི་མང་ཚོགས་གང་མང་ཞིག་གིས་འཛོམས་ཚོད་དང་ནུས་ཚོད་ཀྱིས་ཚོང་ལས་ཕྲན་ཚེགས་རེ་གཉེར་བཞིན་པའང་ཡོད་པར་བཤད། སྡེ་མི་ཆོས་སྐྱོང་ནི་དེའི་ཁྲོད་ཀྱི་མི་སྣ་སྔོན་ཐོན་ཞིག་ཡིན་པ་ཤེས་ནས་ངེད་བཅར་འདྲིའི་ཚན་ཆུང་ཁོ་ཚང་གི་ཕྱོགས་སུ་ཆས་པ་ཡིན། ང་ཚོ་དང་ཅུང་རྒྱང་རིང་བའི་སར་དར་ལྕོག་གིས་ཀུན་ནས་བརྒྱན་ཞིང་། ཁང་བའི་གཡས་གཡོན་གྱི་ལམ་བུ་ཀུན་ཏུ་རླངས་འཁོར་དང་འཕྲུལ་རྟ་མང་པོས་ཁེབས་ཤིང་། མི་ཚོགས་ཀྱི་འདུ་འགོད་རབ་ཏུ་གཡོ་བའི་ཞིང་ཁྱིམ་གླིང་ཀ་ཞིག་མིག་ལམ་དུ་མངོན་བྱུང་། གླིང་ཀ་གཞི་ཁྱོན་མཐོང་མ་ཐག་སྦྱིན་བདག་གང་དེས་ལས་གཞི་འདིར་མ་དངུལ་ཡང་འབོར་ཆེན་ཞིག་བཏང་ལོས་ཡོད་སྙམ་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་པར་མ་ཟད། ངས་དེ་ནི་ཕལ་ཆེར་སྲིད་གཞུང་གིས་འཛུགས་སྐྲུན་བྱས་པའི་གུང་གསེང་གཏོང་ས་ཞིག་ཨེ་ཡིན་སྙམ་སོང་། ང་ཚོ་གླིང་ཀ་དེའི་ཉེ་འདབས་སུ་བཅར་བ་ན། གནའ་བོའི་བཟོ་དབྱིབས་ཅན་གྱི་ཤིང་ཁང་དེའི་སྒོ་འགྲམ་དུ“ཆོས་སྐྱོང་རོང་ཁྱིམ་གླིང”ཞེས་བོད་རྒྱ་ཤན་སྦྱར་གྱིས་བྲིས་འདུག བོད་ལུགས་ཁྱད་ཆོས་ཀྱིས་མངོན་པར་བརྒྱན་ཞིང་། མགྲོན་པོའི་འདུ་འཛི་རྒོད་པའི་གླིང་ཀ་འདི་ནི་ཞང་གཙོ་གཡང་འབུམ་ཚེ་རིང་གིས་བཤད་པའི་ཆོས་སྐྱོང་ཚང་ཡིན་པ་ངས་གཞི་ནས་རྟོགས་སོང་། སྦྱིན་བདག་ཀྱང་ཡིན་ལ། ཞབས་ཞུའི་ལས་ཀའང་གཉེར་བཞིན་པའི་ཆོས་སྐྱོང་བཟའ་ཟླ་གཉིས་ཀྱིས་མགྲོན་པོར་སྣེ་ལེན་བྱེད་ཞོར་དུ། ཟ་མ་སྐྱེལ་འདྲེན་གྱི་ལས་ལ་བྲེལ་འདུག ཁོའི་བྲེལ་ཟིང་གི་རྣམ་པར་བར་ཆད་བྱེད་མི་ཕོད་མོད། རེབ་འདིའི་བྱ་བའི་དབང་གིས་ཆོས་སྐྱོང་གི་དུས་ཚོད་རེ་ཞིག་འགོར་འགྱང་རེ་མི་བྱེད་ཀ་མེད་བྱུང་སོང་།

ཆོས་སྐྱོང་། སྔོན་ཆད་ཀྱི་ངེད་ཚང་གི་ཁྱིམ་རྙིང་ལ་མཚོན་ན། སྡེ་བའི་དཀྱིལ་དུ་ཡོད། ས་རྒྱ་ཆུང་ཞིང་། ཁོད་ཧ་ཅང་དོག ངས་སྡེ་བའི་ནང་ནས་ཞིང་ལས་གཉེར་ཞིང་། ཁྱིམ་གྱི་ལས་ཀ་རྫོགས་རྗེས་རྩེ་ཁོག་དང་མགོ་ལོག་སོགས་སུ་སོང་ནས་ཞོར་ནས་གཉེར་ནས་བསྡད་པ་ཡིན།

སྙན་སྒྲོན་པ། ཆོས་སྐྱོང་ཕྱི་ལ་སོང་ནས་ཞོར་ལས་གཉེར་བའི་ལོ་ཟླའི་ནང་དུ། དཀའ་ངལ་གང་མང་ཞིག་ལ་འཕྲད་པར་མ་ཟད། ཁོ་རང་ལ་མཚོན་ན། ཆུང་དུས་ནས་སློབ་གྲྭར་འགྲིམ་རྒྱུའི་སྐལ་བ་མ་ཐོབ་པས། ལྕགས་ཁེམ་དང་འཇོར་སོགས་ལ་འཇུས་ནས་ས་ལས་རྡོ་ལས་རེ་བྱེད་རྒྱུ་ལས་གཞན་པའི་ཐབས་བཀོད་མ་རྙེད། འདི་ལྟར་དམིགས་ཡུལ་དང་ཁ་ཕྱོགས་ངེས་ཅན་ཞིག་མེད་པར་ལོ་ཟླ་རེས་མེད་དུ་ལས་ཤུགས་ངལ་རྩོལ་ཁོ་ནར་བརྟེན་ནས་ཉི་མ་སྐྱེལ་དགོས་ཚེ། སྒོར་མོ་བཙལ་ནས་སྐྱིད་རྒྱག་པ་ཕར་ཞོག ཐ་ན་རང་གི་བདེ་ཐང་གི་ལུས་པོའང་ནད་ཀྱིས་ཟིན་ངེས་ཞེས་ཆོས་སྐྱོང་གིས་རང་གིས་རང་ལ་དེ་ལྟར་སྨྲས་མྱོང་། བར་སྐབས་ཤིག་ནས་ཆོས་སྐྱོང་གི་བློ་ཡུལ་དུ་ཚོང་ལས་ཆུང་ཆུང་ཞིག་གཉེར་རྒྱུའི་འདུན་པ་འགོག་མེད་དུ་སྐྱེས་བྱུང་། ཡིན་ཡང་། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཟེར་བའི་དཔེ་བཞིན་དུ་རང་གི་ཁྱིམ་ཚང་གི་ཆ་རྐྱེན་དང་། ཞོར་ལས་སུ་སོང་ནས་བཙལ་བའི་སྒོར་རྡོག་དག་བསམ་དུས། ཕུགས་བསམ་དེ་ནི་སྟོང་འདང་ཁོ་ན་རེད་བསམ་པའི་ཡིད་ཆད་དང་ཐེ་ཚོམ་གྱི་ངང་ནས་ལོ་དུ་མ་ཞིག་ཕྱིན་སོང་། ངལ་རྩོལ་གྱི་ལག་ཤེས་དབེན་ཞིང་། རིག་གནས་ཡོན་ཏན་གྱིས་དབུལ་བའི་ཆོས་སྐྱོང་གིས་ཕྱི་ནས་ཉི་མ་སྐྱེལ་ཐབས་བྲལ་ནས། ཡུལ་མི་དང་གྲོགས་པོ་དག་ལ་ཁོའི་སྐྱིད་སྡུག་ཐེངས་དུ་མར་ཡང་ཡང་བརྗོད་མྱོང་། ཉིན་ཞིག་ཁོའི་གྲོགས་པོ་ཞིག་གིས་ཁོ་ལ་སྡེ་བའི་ནང་དུ་ཚོང་ལས་གཉེར་ན་བཟང་ཚུལ་དང་། དབུལ་ཕོངས་ཁྱིམ་ཚང་ལ་སྲིད་གཞུང་གི་རོགས་སྐྱོར་སྲིད་ཇུས་གང་མང་ཞིག་ཡོད་ཚུལ་བརྗོད་སོང་། གྲོགས་པོ་དེ་ནི་ཆོས་སྐྱོང་གི་ཚོང་ལས་བློ་འབྱེད་ཀྱི་སློབ་དཔོན་ལྟ་བུར་གྱུར་པ་མ་ཟད། ཁོའི་ལས་དབང་སྒྱུར་བཅོས་གཏོང་མཁན་གྱི་མགོན་སྐྱབས་ལྟ་བུར་གྱུར་སོང་། དུས་དེ་ནས་བཟུང་། ཆོས་སྐྱོང་གིས་བློ་སེམས་རྩེ་གཅིག་གིས་སྡེ་བའི་ནང་དུ་ཚོང་ལས་ཤིག་གཉེར་རྒྱུའི་སེམས་ཐག་བཅད།

ཆོས་སྐྱོང་། ཉིས་སྟོང་བཅོ་ལྔ་ལོར། གཅན་ཚ་རྫོང་དབུལ་སྐྱོར་ཅུའུ་ཡིས་མ་དངུལ་ཁྲི་གསུམ་གྱིས་རོགས་སྐྱོར་བྱས་ཤིང་། དེའི་སྟེང་དུ་རང་གི་སྒོར་མོ་མང་ཤོས་ཤིག་རྨང་གཞི་བྱས་ནས། ད་སྐབས་ཀྱི་ཆོས་སྐྱོང་རོང་ཁྱིམ་གླིང་ཞེས་པའི་ཟ་ཁང་འདི་བཙུགས་པ་ཡིན།

སྙན་སྒྲོན་པ། ཆོས་སྐྱོང་གིས་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་མེད་པའི་སྒོ་ནས་ཐོག་མའི་སེམས་འདུན་དེ་རྨི་ལམ་དུ་འཁོར་ནས་ལོ་མང་པོ་འགོར་སོང་། ཡིན་ཡང་། གྲོགས་པོ་ཞིག་གི་བློ་འབྱེད་ལ་བརྟེན་ནས། རང་གི་ཕུགས་བསམ་རྣལ་མ་དེ་མངོན་འགྱུར་བྱས་པར་མ་ཟད། མ་གཞི་ཁོ་ཚོའི་སྡེ་བ་ནི་ཡུལ་སྐོར་བྱེད་སའི་གནས་ཁྱད་པར་བ་ཞིག་ཡིན་པ་གཞི་ནས་རྟོགས་སོང་། ས་མཐའ་ནས་ཕ་ཡུལ་བསམ་ཞིང་། ཕ་ཡུལ་ནས་ཚོང་ལས་གཉེར་བའི་ཆོས་སྐྱོང་གིས་ད་ནི་སྲིད་གཞུང་གི་རོགས་དངུལ་ལོངས་སུ་སྤྱད་དེ། དེང་རབས་ཅན་གྱི་ཡུལ་སྐོར་ལས་རིགས་ཀྱི་ཚོང་ལས་ཞིག་ལ་དབུ་ཁྱུད་བྲིས་སོང་། རྗེས་སུ་ཆོས་སྐྱོང་ཚང་གི་ཁྱིམ་ཚང་གནས་སྤར་ཏེ། སྡེ་བའི་མཐའ་རུ་ས་རྒྱ་ཆེ་བའི་གཞི་མ་ཞིག་བཟུང་བར་མ་ཟད། ཁྱིམ་ཚང་གི་སྒོ་ཁའི་གཡས་གཡོན་དུ་སིལ་སྡོང་སྣ་ཚོགས་འདེབས་འཛུགས་བྱས། ད་སྐབས་ཆོས་སྐྱོང་ཚང་གི་སྒོ་འགྲམ་གཡས་གཡོན་དུ་སིལ་སྡོང་མང་པོས་གཡོགས་ཤིང་། སྡོང་བོའི་བསིལ་གྲིབ་འོག་ཏུ། གུང་གསེང་གཏོང་ས་ཆེ་མ་ཆུང་གསུམ་ཕྱེས་ཡོད་པར་མ་ཟད། དབྱར་ཐོན་དུས། ཁོ་ཚང་གི་གཞི་མའི་མཐའ་འཁོར་དུ་སིལ་ཏོག་སྣ་ཚོགས་བསྟར་ལ་བརྒྱུས་ཤིང་། གླིང་ཀའི་ཁོར་ཡུག་ཡོངས་སུ་མེ་ཏོག་གི་དྲི་ཞིམ་གྱིས་ཁེངས་འདུག འདི་ནི་ཆོས་སྐྱོང་དང་ཁོའི་བཟའ་ཟླ་གཉིས་ཀྱིས་བསྐྲུན་པའི་བདེ་སྐྱིད་ཀྱི་གཞིས་ཁྱིམ་རེད། འདི་ནི་ས་གནས་ཀྱི་ཐོན་ཁུངས་ལུགས་མཐུན་གྱིས་བཀོལ་སྤྱོད་བྱས་པའི་བརྩོན་པའི་འབྲས་བུ་རེད།

ཆོས་སྐྱོང་། ད་སྐབས་འདིར་མཚོན་ནས་བཤད་ན། ན་ནང་སྒོར་ཁྲི་གཉིས་དང་སྟོང་གསུམ་གྱི་ཡོང་སྒོ་ཡོད་ཀི ད་ལོ་ཡང་དེ་བཞིན་རེད། རང་གི་སེམས་སུ་འདི་འདྲའི་ཁེ་བཟང་ཞིག་རེག་ཐུབ་པ་ཡིད་ལའང་དྲན་མ་མྱོང་། ལོ་རེ་ནས་ལོ་རེར། རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་དང་། རང་གི་བརྩོན་པར་བརྟེན་ད་སྐབས་ངེད་ཚང་གི་ཁྱིམ་ཚང་གི་འཚོ་བའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

སྙན་སྒྲོན་པ། ལོ་ངོ་དུ་མ་ཞིག་ལ་ལག་ཏུ་ལྕགས་ཁེམ་ཐོགས་ནས། ཁྱིམ་ཚང་སོ་སོའི་སྒོ་འགྲམ་གྱི་ཆུ་རྐ་བསློགས་ཤིང་། ཐོང་གཤོལ་བཟུང་ནས་ཞིང་ལས་གཉེར་བའི་ཆོས་སྐྱོང་གིས། མཐོང་རྒྱའི་འདུན་མའི་མེ་ལོང་རྒྱང་ལ་བསྐོར་ཞིང་། ཤེས་རྒྱའི་དཔྱད་པའི་གོམ་ཁ་ཐང་དུ་སྤོས་ནས། ཕ་ཡུལ་ཚེགས་རྒྱལ་སྡེ་བར་སྔར་མེད་ཀྱི་ཚོང་ལས་ཟིན་ཐོ་གསར་བ་ཞིག་བསྐྲུན་པར་མ་ཟད། ཁོའི་སྙིང་སྟོབས་དང་བརྩོན་འགྲུས་ཀྱིས་ཁྱིམ་མི་ཡོངས་ལ་བདེ་སྐྱིད་ཀྱི་དགོད་སྒྲ་གསར་བ་ཞིག་སྦྱིན་འདུག

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྟོབས་ལྡན་རྒྱལ་དང་གཡང་འབུམ་རྒྱལ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་ཆོས་སྐྱོང་དང་ཁོའི་རོང་ཁྱིམ་གཞིས་ཀ་ཞེས་པ་དེ་ཡིན།

微信图片_20180627093753.jpg

 ཆོས་སྐྱོང་ཚང་གི་སྒོ་ཆེན་གྱི་ཟུར་ཞིག

微信图片_20180627093707.jpg

微信图片_20180627093737.jpg

གསར་འགོད་པས་ཆོས་སྐྱོང་རོང་ཁྱིམ་གཞིས་ཀའི་སྦྱིན་བདག་ཆོས་སྐྱོང་ལ་བཅར་འདྲི་བྱེད་ཀྱིན་པ།

微信图片_20180627093745.jpg

ཆོས་སྐྱོང་ཚང་གི་སྒོ་རའི་གཡས་གཡོན་དུ་སྐྱེས་པའི་སྡོང་བོ་སྣ་ཚོགས།

微信图片_20180627093637.jpg

ཆོས་སྐྱོང་ཚང་གི་སིལ་སྡོང་ར་བའི་ཟུར་ཞིག 

གསར་འགོད་པ། སྟོབས་ལྡན་རྒྱལ།  གཡང་འབུམ་རྒྱལ།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།