ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན།

བཟོ་བ་ཞིག་གི་ཚེ་སྟོད།༼ ཆེད་སྒྲིག ༽

སྤེལ་དུས། 2018-07-03 09:44:21   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། སྟོབས་ལྡན་རྒྱལ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའིབརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིནཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྟོབས་ལྡན་རྒྱལ་དང་གཡང་འབུམ་རྒྱལ་གཉིས་ཀྱིས་སྒྲ་བླངས་པའི་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་བཟོ་བ་ཞིག་གི་ཚེ་སྟོད་ཅེས་པ་གཏང་རྒྱུ།

微信图片_20180703095703.jpg

གསར་འགོད་པས་གཡང་ལྭ་བོད་ཀྱི་གྱོན་ཆས་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱིའི་འགན་འཛིན་པ་གཡང་སྐྱབས་ལ་བཅར་འདྲི་བྱེད་ཀྱིན་པ། 

སྙན་སྒྲོན་པ། ནམ་མཁའ་སྔོ་ཞིང་གཡའ་དག་ཅིང་། ས་གཞི་ལྗང་ཞིང་རྡུལ་དག་པའི་དབྱར་མགོ་མའི་དུས་ཚིགས་འདིར། ངེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའིབརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིནཞེས་པའི་བཅར་འདྲི་ཚན་ཆུང་གིས་ཁོད་ཡངས་ཤིང་མཐའ་མི་ཟིན་པའི་སོག་རྫོང་རྩྭ་ཐང་བརྒྱུད་ཅིང་། གཡུ་ལོ་ཐགས་སུ་བཀྲ་བའི་རྔམས་མཐུག་པའི་དམེ་ཤུལ་ནགས་ཚལ་གཏུབ་སྟེ་གཞི་ནས་གཅན་ཚ་རྫོང་དུ་འབྱོར། གནའ་དེང་མཁས་དབང་དུ་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གཅན་ཚ་རྫོང་འདིར་མཚོན་ན། རྨ་ཆུ་སྔོན་མོའི་འགྲམ་རྒྱུད་དུ་ཆགས་ཤིང་། ཆོས་ལུགས་རིག་གནས་ཀྱི་རྫོང་མཐུག་ས་ཞིག་ཡིན་པར་མ་ཟད། བསྟན་པ་ཕྱི་དར་གྱི་བསྟན་པའི་མེ་རོ་གསོ་སའི་གནས་ཁྱད་པར་ཅན་ཞིག་ཀྱང་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་གསར་རྙིང་གྲུབ་མཐའ་མཉམ་གནས་ཀྱི་གནས་འགངས་ཆེན་ཞིག་ཀྱང་ཡིན། གཞན་ཡང་རྫོང་འདི་ལ་རྒྱལ་ཡོངས་ཀྱི་གཡང་མདའ་རྟགས་མའི་མི་རིགས་མདའ་རྩེད་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཡང་གནང་ཡོད། ང་ཚོ་མི་སུ་དང་གང་ཞིག་ལ་མཚོན་ན། འཇིག་རྟེན་འདིར་ཡོང་ནས་རང་གི་ད་ལྟ་དང་མ་འོངས་པར་བསམ་གཞིགས་གཏོང་ཤེས་པ་ནས་བཟུང་། བདེ་སྐྱིད་ཀྱི་ཁྱིམ་ཚང་དང་བདེ་ཐང་གི་ལུས་ཕུང་མི་བསམ་པ་གཅིག་ཀྱང་ཡོད་མི་སྲིད། ཡིན་ཡང་། བདེ་སྐྱིད་ཀྱི་འཚོ་བ་ནི་སེམས་ལ་དྲན་པ་ཙམ་གྱིས་མི་ཆོག་པར། རང་གི་ལུས་ཤུགས་དང་ཀླད་ཤུགས་གང་རུང་ལས་བྱུང་བའི་རྩོལ་བའི་རྔུལ་ཆུ་དེ་ཡིན། རྔུལ་ཆུས་བསྐྲུན་པའི་འཚོ་བར་ད་གཟོད་ཕྱིར་དྲན་ཡོད་ལ། ཕྱིར་དྲན་དེ་དག་གི་ཁྲོད་དུ་རྫོགས་མཐའ་བྲལ་བའི་གཏམ་རྒྱུད་རེ་རེ་ཡོད། དེ་བས། རེབ་འདིའི་ངེད་བཅར་འདྲི་ཚང་ཆུང་གིས་འཚོལ་བཞིན་པ་ནི་གཏམ་རྒྱུད་ཅན་གྱི་མི་སྣ་ཡིན་ལ། གཏམ་རྒྱུད་དེ་དག་གི་གོ་རིམ་ཁྲོད་ནས་རྙེད་པའི་མཚར་སྡུག་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་མཁན་དེ་ཚོ་ཡིན།

གཡང་སྐྱབས། ང་ནི་ཚོ་དྲུག་ཞང་སྔོ་སྐྱ་སྡེ་བའི་ཡིན། ངའི་མིང་ལ་གཡང་སྐྱབས་ཟེར། ང་རང་ལོ་ན་ཆུང་བའི་སྐབས་སུ་བོད་ཀྱི་ས་ཆ་སོ་སོ་དང་ཁྱིམ་ཚང་སོ་སོའི་སྒོ་ཁར་ཉུལ་ནས་བོད་ལྭ་སོགས་བཟོ་ལས་གཉེར་ནས་བསྡད་པ་ཡིན།

སྙན་སྒྲོན་པ། གཡང་སྐྱབས་ཆུང་དུས་སུ་ཕྱི་ལ་འཁྱམས་ཤིང་། མི་ཚེའི་ཕྱེད་ཀ་སྟོད་ཀྱི་འབྲོག་ཕྱོགས་དང་སྨད་ཀྱི་རོང་ཕྱོགས་སོགས་གང་དུ་འཚེམ་བཟོའི་ལས་ཀ་ཡོད་ན་དེ་རུ་གནས་ཚང་གཡར་ནས་བསྡད་པར་མ་ཟད། ཐ་ན་རྒྱ་ལོའི་ལོ་སར་སྐབས་སུའང་བཟའ་ཚང་མཉམ་འཛོམས་ཀྱི་གོ་སྐབས་མ་རེག་པར་མཛུབ་མགོ་སེར་ཀ་གས་རག་བར་དུ་ཟས་ཞིམ་པོ་ཞིག་དང་། ཇ་མངར་མོ་ཞིག་ཀྱང་འཐུང་མ་ཐུབ་པར་ས་མཐའ་ནས་ཐེངས་མང་པོར་ལུས་མྱོང་། དེ་ལྟར་ལོ་ངོ་དུ་མ་ཞིག་ལ་ཁྱིམ་བདག་དག་གི་ཁ་ངོའི་དཀར་ནག་དང་། ཁྱིམ་བདག་མ་དག་གི་ལག་འོག་ལ་བལྟས་ནས་ཉི་མ་རེ་རེ་ཁེར་རྐྱང་དང་དཀའ་སྡུག་གི་ངང་ནས་བསྐྱལ། སྐབས་འགར་ཁྱིམ་ཚང་བཟང་བོ་དག་དང་འཕྲད་ནས་གླ་ཚེགས་མནོག་མོ་རེ་ཁྱེར་ནས་དགའ་སྤྲོའི་ངང་ནས་ཆུང་མ་དང་བྱིས་པ་ཚོར་ཟས་གོས་རེ་ཉོས་ཏེ་ཕྱིར་ཡུལ་ལ་ཡོང་མྱོང་ལ། ལན་རེར་ས་མཐའ་ནས་མི་ངན་སོགས་དང་འཕྲད་ནས་ཟླ་འགའ་འམ། ཐ་ན་ལོ་གཅིག་གི་གླ་ཕོགས་སྐར་གང་ཡང་མ་ལོན་པར་ངོ་ཤོར་ཞིང་སེམས་སྡུག་ནས་ཕྱིར་ཡུལ་དུ་ལོག་པའང་བགྲང་གིས་མི་ལང་། དུས་ཚོད་ཀྱིས་མི་ལ་མི་སྒུག་ཟེར་བའི་དཔེ་ལྟར་དུ་འདི་ལྟར་གཡང་སྐྱབས་ཀྱིས་ལོ་ཟླ་གང་མང་ཞིག་ས་མཐའ་ནས་བསྐྱལ་སོང་། གཡང་སྐྱབས་ལ་ད་དུང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཕར་ཞོག ཐ་ན་དགུན་གྱི་ལྷགས་རླུང་དང་དབྱར་གྱི་ཆར་ཆུ་ཙམ་འགོག་ནུས་པའི་ཁང་བ་བཟང་པོ་ཞིག་ཀྱང་མི་འདུག ད་ནི་ཁོས་ཀྱང་འདི་ལྟར་སོང་ན་མི་ཚེ་འཕྲོ་བརླག་དང་དུས་ཚོད་ཟད་པ་ལས་མེད་པ་ཤེས་མོད། སྒོར་མོའི་མ་རྩ་སྲབ་ཅིང་། ཁྱིམ་རྒྱུད་ཀྱི་ཆ་རྐྱེན་ཞན་པའི་ཁོ་ལ་མཚོན་ན་ཚོང་ལས་གཞན་ཞིག་གཉེར་རྒྱུའི་ནུས་པ་ཞིག་གང་དུ་ཡོད།  ཉིན་ཞིག་ཁོ་རང་ཆུང་མ་དང་བྱིས་པ་གཉིས་ལ་སྐོར་ཞིག་རྒྱག་ཏུ་ཡུལ་ལ་ལོག་ཅིང་། ལམ་བར་དུ་གཅན་ཚའི་སྲང་ལམ་བརྒྱུད་ནས་འགྲོ་སྐབས། དངུལ་ཁང་ཞིག་གི་སྒོ་ཁར“དབུལ་ཕོངས་ཁྱིམ་ཚང་གི་བསྐྱི་དངུལ་ལ་སྲིད་གཞུང་གི་སྐྱེད་ཀ་སྤྲོད་ངེས”ཞེས་པའི་བརྡ་སྦྱོར་ཞིག་བྲིས་ཡོད་པ་དེ་མཐོང་སོང་། ཁོའི་སེམས་ལ་དོན་བཟང་འདི་ནི་བྱིས་པ་པྲ་ཆལ་ཞིག་གིས་ཀུ་རེའི་ཚུལ་དུ་བྲིས་པ་མིན་ནམ་སྙམ་པའི་དོགས་པ་འདྲ་མིན་ཞིག་སྐྱེས་ནའང་། ནམ་ཞིག་གང་ལྟར་རང་ཉིད་དངོས་སུ་སོང་ནས་ཚོད་ལྟ་ཞིག་བྱེད་དགོས་སྙམ་པའི་སེམས་ཐག་བཅད། ཉེ་བའི་ལོ་འདི་འགའི་རིང་དུ། ས་གནས་འདིའི་རིག་གནས་དང་དཔལ་འབྱོར། སློབ་གསོ་སོགས་ལྟོས་བཅས་ཀྱིས་འཕེལ་རྒྱས་ཆེན་པོ་སོང་ཡོད་པར་མ་ཟད། ས་གནས་མང་ཚོགས་ཀྱི་བསམ་པའི་གོ་རྟོགས་ཀྱང་མཐོ་རུ་ཕྱིན་ནས། རང་ཁ་རང་གསོ་དང་། རང་གི་རྩོལ་བར་བརྟེན་ནས་ཚོང་ལས་དཔལ་འབྱོར་གཉེར་མཁན་མི་ཉུང་བ་མཆིས། དེ་དག་ནི་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་དང་འབྲེལ་ཡོད་ལས་ཁུངས་དག་གི་རམ་འདེགས་ལ་ཁ་འབྲལ་ཐབས་ག་ལ་ཡོད། དེ་ལས་ཀྱང་ཡིད་རྟོན་ཞིང་ལས་དངུལ་ཁང་ནི་ས་གནས་ཀྱི་རོང་འབྲོག་མང་ཚོགས་དག་གི་དཔལ་འབྱོར་འཚོལ་སྙེག་གི་དཔུང་རོགས་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་སྨོས་ཅི་དགོས། ས་གནས་འདིའི་ཁེ་ལས་པ་སྐོར་ཞིག་གི་ཀྱག་ཀྱོག་གི་གཏམ་རྒྱུད་དང་ཡིད་རྟོན་ཞིང་ལས་དངུལ་ཁང་གཉིས་ཀྱི་བར་ན་དོན་ངོ་མས་གསེར་ཟམ་ལྟ་བུའི་འབྲེལ་ཐག་ག་འདྲ་ཞིག་ཡོད་དམ།

དོན་འགྲུབ་ཚེ་རིང་། ང་ནི་གཙན་ཚ་རྫོང་ཡིད་རྟོན་ཞིང་ལས་དངུལ་ཁང་གི་ལས་བྱེད་མི་སྣ་ཞིག་ཡིན། ངའི་མིང་ལ་དོན་འགྲུབ་ཚེ་རིང་ཟེར། སྔོན་ཆད་ངེད་ལས་ཁུངས་ཀྱིས་ཕྱི་ཕྱོགས་སུ་མ་དངུལ་བསྐྱི་དུས་བར་འདུག་སོགས་འགྲོ་ལུགས་ཅུང་མང་པོ་ཞིག་བརྒྱུད་དགོས་པར་མ་ཟད། བསྐྱི་དངུལ་གྱི་སྐྱེད་ཀའང་ལྟོས་བཅས་ཀྱིས་ཅུང་མཐོ་བར་སྣང་། དེ་ནི་སྐབས་དེའི་སྲིད་ཇུས་རེད། ད་སྐབས་དེ་འདྲ་མ་རེད། 530དབུལ་ཕོངས་ཁྱིམ་ཚང་ལ་ཁ་གཏད་ནས་བསྒྲུབས་པའི་བསྐྱི་དངུལ་ལ་མཚོན་ན་འགྲོ་ལུགས་སྟབས་བདེ་ཞིང་། དུས་ཚོད་མགྱོགས་པར་མ་ཟད། སྐྱེད་ཀ་སོགས་ཅི་ཡང་དགོས་ནི་མ་རེད། བསྐྱི་དངུལ་དེའི་སྐྱེད་ཀ་སྲིད་གཞུང་གིས་འགན་ཁུར་ཡོད་ནི་རེད། མི་སྒེར་གྱི་ངོས་ཐད་ནས་སྒོར་མོ་གཅིག་གིས་སྐྱེད་ཀའང་སྟེར་དགོས་ནི་མ་རེད། ད་སྐབས་ས་འདིའི་མང་ཚོགས་མང་པོ་ཞིག་གིས530དབུལ་ཕོངས་ཁྱིམ་ཚང་གི་བསྐྱི་དངུལ་བསྐྱིས་ཏེ། ཕྱི་ཕྱོགས་ནས་ཚོང་ལས་གཉེར་བའམ་རང་གི་འབད་བརྩོན་ལ་བརྟེན་ནས། འཚོ་བའི་ཐོན་སྐྱེད་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་ཀི དེ་འདྲའི་དཔེ་མཚོན་ཅན་གྱི་མི་སྣ་གཅན་ཚ་རྫོང་འདིར་མང་ནི་རེད། ཁྱོད་ཚོ་སོང་ནས་ཚོལ་དང་། མང་ཚོགས་རང་ངོས་ནས་ལོ་རྒྱུས་དེ་བརྗོད་ནི་རེད། སྔོན་ཆད་དང་ད་ལྟའི་འཚོ་བའི་གནས་ཚུལ་གསལ་བོ་ཞིག་ཤེས་ཐུབ་ནི་རེད།
སྙན་སྒྲོན་པ། ད་ནི་གཡང་སྐྱབས་ཀྱི་ལས་དབང་ལ་འགྱུར་ལྡོག་ཐེབས་པའི་དུས་ལ་བབ་འདུག ཁྱིམ་ཚང་རེ་རེའི་སྒོ་ཁ་ཉུལ་བའི་ལོ་རྒྱུས་ལ་རྫོགས་ཚིག་འགོད་རན། གཞན་གྱི་ངོ་སོ་དང་ཆགས་སྡང་གི་རྣམ་འགྱུར་ལ་བདེ་མོ་འཇོག་རན། ཟུར་ཟ་དང་འཕྱ་སྨོད་ཀྱི་གཏམ་ངན་དང་རྒྱང་དུ་གྱེས་རན།

གཡང་སྐྱབས། 2010ལོ་ནས2011ལོའི་སྐབས་སུ། ངས་གཙན་ཚ་རྫོང་ཞིང་ལས་ཡིད་རྟོན་དངུལ་ཁང་ལ་ཡར་ཞུ་བྱས་ཏེ། སྒོར་མོ་ཁྲི་ལྔ་བཅུ་བསྐྱིས་པ་ཡིན། སྐབས་དེར། དངུལ་ཁང་གིས་དུས་ལྟར་བསྐྱི་དངུལ་ཕྱིར་སྤྲོད་པར་དུས་འདའ་བར་མི་བྱེད་པར། ཕན་ཚུན་ཡིད་ཆེས་ཡོད་པར་གྱིས་དང་། བསྐྱི་དངུལ་འོས་མཚམས་རེ་ནམ་ཡང་ཡོད་ནི་རེད་ཟེར་ཀི དེ་ནས2012ལོར་ངས་རྫོང་ཐོག་ནས་བོད་ལྭའི་ཀུང་ཟི་ཞིག་བཙུགས་ནས་མཛད་སྒོ་ཕྱེས་པ་ཡིན། 2013ལོ་ནས2014ལོའི་སྐབས་སུ་ཚོང་ཧ་ཅང་བཟང་ཀི དངུལ་ཁང་གི་སྒོར་མོ་དེ་དུས་ལྟར་རྩིས་སྤྲོད་བྱས་ཚེ། ཕྱིར་དུས་འགྱང་མེད་པར་བསྐྱི་ཟེར་ཀི དངུལ་ཁང་གི་དྲིན་ལ་སྒོར་མོ་མང་པོ་ཞིག་འཁོར་རྒྱུག་བྱས་པར་བརྟེན་ནས། ངས་ས་གནས་རེ་འགའ་ནས་བོད་ལྭའི་ཡན་ལག་ཀུང་ཟི་འཛུགས་ཐུབ་སོང་། འདི་དག་ནི་ཡིད་རྟོན་ཞིང་ལས་དངུལ་ཁང་གི་བཀའ་དྲིན་ཡིན།

སྙན་སྒྲོན་པ། མི་ཚེ་ཕྱེད་ཀ་ཕྱི་ནས་ཤོར་བའི་གཡང་སྐྱབས་ཀྱིས། ཕམ་པའི་མགོ་བོ་སྒུར་མ་མྱོང་ལ། བརྩོན་པའི་གོམ་ཁ་མ་འཆོལ་བར། ཁྱིམ་ཚང་སྐྱོང་བའི་འགན་འཁྲི་ཕྲག་ཏུ་བླངས་ནས། ལོ་ཟླ་རེས་མེད་དུ་འབད་པར་བྱས་མཐར། ད་སྐབས་བོད་ཁུལ་གྱི་ས་ཆར་སོ་སོར་ཁོས་ཇུས་འགོད་བྱས་པའི་གཡང་ལྭ་རྟགས་ཅན་གྱི་བོད་ལྭ་གང་མང་ཞིག་ཡོད་པར་མ་ཟད། སློབ་བུ་བརྒྱ་ཕྲག་བསྐྱངས་ནས་བོད་ཀྱི་བཟོ་རིག་པའི་ལས་རིགས་ཐད་ཀྱང་རམ་འདེགས་གང་མང་ཞིག་སྩོལ་བཞིན་མཆིས་ལ། ཁོ་ནི་ས་གནས་ཀྱི་དཔེ་མཚོན་རང་བཞིན་གྱི་ཁེ་ལས་པ་ཞིག་ཏུ་གྱུར་འདུག

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྟོབས་ལྡན་རྒྱལ་དང་གཡང་འབུམ་རྒྱལ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་བཟོ་བ་ཞིག་གི་ཚེ་སྟོད་ཅེས་པ་དེ་ཡིན།

微信图片_20180703095735.jpg

གཡང་ལྭ་བཟོ་གྲྭའི་ལས་བཟོ་བའི་ཟུར་ཞིག 

 

 微信图片_20180703095743.jpg

微信图片_20180703095800.jpg

གཡང་ལྭ་བཟོ་གྲྭའི་ནོམ་པ་སྣ་ཚོགས། 

གསར་འགོད་པ།  སྟོབས་ལྡན་རྒྱལ། གཡང་འབུམ་རྒྱལ།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།