ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ལ་གཞས་འགྲན་སྡུར་སྐབས་དྲུག་པ།

«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་གྱི་འགྲན་ཁུལ་དང་པོ་མཚོ་ལྷོ་ནས་དངོས་སུ་མགོ་བརྩམས།

སྤེལ་དུས། 2018-06-27 18:09:20   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་མ་རྒྱལ།

 རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཚེ་མ་རྒྱལ་ནས་བཀོད་པའི་གསར་འགྱུར།

                                      གངས་ཀྱི་འདབ་རོལ་ནས་མཆེད་པའི་མེས་པོ་ཡི་དབྱངས་རྟ།།
                                              རྫ་ལུང་སྤང་གསུམ་ལ་འཐིམ་པའི་དགའ་སྐྱོ་ཡི་དྲན་པ།།
                                              ཤ་རུས་ཁོང་གསེང་ན་འཁྱིལ་བའི་ཕ་ཡུལ་གྱི་དུང་བ།།
                                              ཁྱོད་དང་འུ་གཉིས་ལ་དབང་བའི་བརྩེ་དུང་གི་གཏམ་རྒྱུད།།

微信图片_20180627174820.jpg

                ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་རོགས་སྒྲུབ་གནང་བའི་《སྡེ་ཆེན་རྩེད་ར》རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཐོག་མའི་འགྲན་སྡུར་ལས་མཚོ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་དངོས་སུ་མགོ་བརྩམས།
              ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་པ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་སྟོན་པ། མཚོ་སྔོན་གཞས་མ་གཏམ་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་རིག་གནས་སྒྱུ་རྩལ་འཇོན་མིའི་ཁོངས་མི། བོད་ཀྱི་གླུ་བ་གྲགས་ཅན་མཁར་བྱམས་རྒྱལ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་སྟོན་པ། མཚོ་སྔོན་རོལ་མོ་བའི་མཐུན་ཚོགས་ཀྱི་ཚོགས་མི། བོད་ཀྱི་གླུ་མ་གྲགས་ཅན་བྱང་མོ་མཚོ། སྐབས་རིམ་བྱུང་གི་《སྡེ་ཆེན་རྩེད་ར》རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་གྱི་ཇུས་འགོད་པ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་རིག་རྩལ་ཚན་ཁག་གི་ཀྲུའུ་རིན་བསྟན་འཛིན་བཅས་ཡིན།
               ལ་གཞས་ནི་མེས་པོ་གོང་མ་དག་གི་རིང་ནས་རིམ་བཞིན་བསྲེགས་བཅད་བརྡར་གསུམ་ལས་བྱུང་བའི་བློ་གྲོས་ཀྱི་ཉིང་ཁུ་དང་། བརྡ་རྙིང་དང་མངོན་བརྗོད་སོགས་ཀྱིས་མ་བཅིངས་པའི་སྐད་ཆའི་ཉིང་བཅུད་རྣམས་མ་ལུས་གཅིག་འདུས་ཀྱི་ཕུང་བོ་ལྟ་བུ་ཡིན་ལ། མི་དམངས་ཀྱི་བསམ་བློའི་འཁྱེར་སོ་དང་རེ་འདུན། དངོས་ཡོད་འཚོ་བའི་རྒྱུན་ཤེས་སོགས་ཐད་ཀར་མངོན་བྱེད་ཀྱི་མེ་ལོང་ལྟ་བུའང་རེད། སེམས་རྩ་དྲོན་མོ་ནས་བརྡོལ་བའི་དུངས་སེམས་ཀྱི་དབྱངས་རྟ་འདིས་མི་རབས་ནས་མི་རབས་ལ་བོད་མི་རིགས་ཀྱི་འཚོ་བ་ལ་བླ་མེད་ཀྱི་ཚེ་སྲོག་གནང་ཞིང་། མི་རབས་ནས་མི་རབས་ལ་འོད་སྣང་ཇི་བཞིན་འཁོར་བའི་མུན་པ་དེ་ཉིད་ཀུན་གསལ་དུ་བཏང་ཡོད། སྟོད་ཀྱི་གངས་རིའི་རྩེ་མོ་ནས་སྨད་ཀྱི་གོས་ལྗང་རྩྭ་ཐང་དུ་ལ་གཞས་ནི་ལྷུང་ལྷུང་འབབ་པའི་དྭངས་གསལ་གྱི་ཆུ་མོ་བཞིན། སྟོད་ནས་མ་འགག་ཅིང་སྨད་ནས་མ་ཆད་ལ་སྟོད་རི་བོ་སྲ་འཐས་ལྕགས་སུ་བཏང་ཞིང་། སྨད་སྤང་ཐང་རྩྭ་རྩིར་ནེམ་ཤ་དོད་པས་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་ཀྱི་ལེགས་ཚོགས་ལྷུག་པོར་བསྩལ། སྐྱིད་སྡུག་ནི་གནམ་གྱི་ལག་དང་ལས་དབང་སོགས་སུ་སྒོམ་མཁན་གྱི་མགོ་ནག་བོད་པ་ནི་གངས་རིའི་འདབས་དང་ཡངས་པའི་སྤང་། གྲུ་བཞིའི་རྣང་ཞིང་སོགས་སུ་གནས་ཤིང་འཚོ་ལ། སྐྱེ་ཕོ་མོའི་སེམས་ཁོང་གི་བརྩེ་དུང་དེ་བདག་གིར་མ་དབང་བའི་རྐྱེན་དུ་མས་མིག་ཆུ་རུ་གྱུར་ལ། མིག་ཆུ་དེ་ཉིད་རོགས་དྲན་པའི་སྨྲེང་བ་དང་འགྲོགས་ནས་དབྱངས་སུ་གྱུར་བས། ངག་སྒོ་ཕྲ་མོ་ནས་ཕྱིར་ལ་ཤོར་བའང་ཞེ་མཐུན་གྱི་རོགས་དྲན་པའི་སྨྲ་བ་ཡིན་ལ། རོགས་ཀྱི་ཕྱོགས་སུ་བསྐུར་བའི་འཕྲིན་པའང་ཡིན་ངེས། དེ་བས་ཉེ་འཁོར་གྱི་སྟོད་རྫ་ལུང་རི་ལུང་དང་། ཡངས་པའི་སྤང་ཐང་། ཞིང་ཆུང་གྲུ་བཞི། རྟ་ནོར་ལུག་གསུམ་སོགས་ནི་རོགས་ཀྱི་དཔེ་དང་རོགས་དྲན་སའི་ཡུལ། སྡུག་གི་མཆི་མ་འཕོ་ས་ཡིན་སྟབས་ལ་གཞས་སྒྱུ་རྩལ་དུ་ཚིག་མགོ་མ་དཔེ་དང་། ཚིག་ཕྱི་མ་དོན་དུ་བྱས་ནས་གྲུབ་པས། ཉན་ན་ཉན་མཁན་གྱིས་དོན་གོ་ཐུབ་ལ་སྙན་པའི་སྒྱུ་རྩལ་གྱི་ཆའང་ཤིན་ཏུ་ལྡན། དེ་བཞིན་ཚིག་མགོ་མ་དཔེ་ལ་ཉན་དུས་ཁོང་ཉིད་སྐྱོ་བ་དང་དྲན་པའི་སྣང་ཚུལ་རྟོགས་ཐུབ་ལ། ཚིག་ཕྱི་མ་དོན་ལ་ཉན་རྗེས་ཞེ་སྨྲེང་བས་མ་ཟད་མིག་ཆུའང་ཤོར་འགྲོ་བས་སེམས་ཀྱི་སྨྲེང་བ་རིམ་པ་བཞིན་དུ་ཇེ་ཟབ་དང་ཇེ་མཐོར་འགྲོ་བའི་སེམས་ཚོར་སྟེར།ལ་གཞས་ནི་ཕོ་མོའི་བརྩེ་དུང་གི་དྭངས་མ་ཡིན་པས་འདི་ལ་ནང་གསེས་ཀྱི་དབྱེ་བའང་འགའ་ཡོད་དེ། ནང་དོན་དུ་རྩེ་མགོ་རྩོམ་པ་ནས་རོགས་འདེམས་པའི་སྐོར་དང་། ཞེ་མཐུན་པའི་སྐོར། རོགས་དྲན་པའི་སྐོར་དང་། མི་བརྗེད་པ། འགལ་བའི་སྐོར། བྲལ་བའི་སྐོར། ཞེ་སྨྲེང་བའི་སྐོར། ལབ་ཀྱི་སྐོར། སྐྱོན་བརྗོད་ཀྱི་སྐོར་སོགས་ཡོད་ལ། དབྱངས་རྟའི་རིང་ཐུང་ལས་རིང་འཐེན་དང་ཐུང་ལེན་དང་། རྣམ་པའི་ཆ་ནས་ཚིག་ཕྲེང་གཉིས་ཅན། གསུམ་ཅན། བཞི་ཅན། ལྔ་ཅན། དྲུག་ཅན། བདུན་ཅན། བརྒྱད་ཅན་སོགས་ཅི་རིགས་སུ་ཡོད།

微信图片_20180627174846.jpg

སྒྲ་ཕབ་བཞིན་པ། 

IMG_3918.JPG

རྒྱན་ཤོག་ལེན་པ།

IMG_3940.JPG

 འགྲན་སྡུར་དངོས་སུ་མགོ་བརྩམས་པ།

微信图片_20180627180412.jpg

མཚོ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམས་པ་བྱང་མོ་མཚོ།

IMG_3990.JPG

མཚོ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམས་པ་མཁར་བྱམས་རྒྱལ།

 

IMG_3982.JPG

མཚོ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམས་པ་བསྟན་འཛིན།

微信图片_20180627174902.jpg

ཐེངས་འདིའི་འགྲན་སྡུར་གྱི་མདོ་འཛིན་པ་ཟླ་བཟང་སྒྲོལ་མ།

IMG_3945.JPG

རྩེད་འགོ་མ་དགུང་སྔོན་གནམ་ལ་ལེན། དགུང་སྔོན་པོ་འདྲ་བའི་རྩེད་ཁང་ཞིག

འབྲུག་ལྗང་ལོ་འདྲ་བའི་རྩེད་རོགས་ཤིག དགུང་འདི་ནས་མི་རྩེད་གང་ནས་རྩེད།

微信图片_20180627174917.jpg

ཡར་བལྟས་གི་དགུང་སྔོན་གནམ་ནས། འབྲུག་ལྗང་ལོའི་གནམ་མཐའ་བརྒྱུད་ཀྱིན་ཡོད།

ཆར་བསིལ་མ་རྫོང་ལ་འཁྱེར་གྱིན་ཡོད། ཟླ་འོད་ཆེན་ཡོད་ན་ཐུག་གི་ཤོག

微信图片_20180627174925.jpg

རོགས་ཆུང་ལོའི་སྡེ་རུ་བརྒྱུད་དུས། ཕྱི་སྡེ་བར་ཞེ་ཆགས་མེད་གི  ཞེ་ཆགས་ས་འདང་ཆེན་རོགས་ཡིན།

微信图片_20180627174930.jpg

རོགས་དྲན་གི་ལོ་རབས་མ་བཤད། རོགས་དྲན་གི་ལོ་རབས་བཤད་ན།

སེམས་གངས་དཀར་མགོ་ལུང་སྟོང་བ་རེད། ཤ་མཆིན་པའི་ངོས་ཕྱེད་འཁྱག་པ་རེད།

微信图片_20180627174935.jpg

བྱ་རྨ་བྱ་བྱང་ལ་འཕུར་ཐལ། མཚོ་སྔོན་མོར་ཞེ་ཆགས་མེད་གི  ཞེ་ཆགས་ས་གསེར་མིག་ཉ་རེད།

IMG_3971.JPG

ལྟད་མོ་བའི་ཚོགས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།