ད་ལྟ་གཟིགས་བཞིན་པ། > མདུན་ངོས། > 2018ཆེད་དོན་ཆེད་སྒྲིག > ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ > མི་སྣ་གསར་བ།

མང་ཚོགས་ཕྱུག་བསྒྱུར་ལ་མཁས་པའི་ཁེ་ལས་པ་ཚེ་དབང་རྡོ་རྗེ།

སྤེལ་དུས། 2018-06-08 10:52:16   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཚེ་རིང་སྒྲོལ་མ།

03.jpg

ཁེ་ལས་པ་ཚེ་དབང་རྡོ་རྗེ། ༼དཀྱིལ༽

 

“རང་ཉིད་ཕྱུག་པོར་གྱུར་ཡང་ཕ་ཡུལ་བརྗེད་མི་ཉན་པ་དང་། དེ་ལས་ཀྱང་མང་ཚོགས་ཕྱུག་བསྒྱུར་གྱི་ལམ་དུ་འཁྲིད་རྒྱུ་ནི་ང་རང་ཕ་ཡུལ་དུ་ལོག་པའི་དམིགས་ཡུལ་དང་མི་ཚེའི་ཕུགས་བསམ་ཆེན་པོ་ཞིག་ཡིན”ཞེས་པའི་སྐད་ཆ་འདི་ནི་དེ་སྔོན་ཁེ་ལས་པ་ཚེ་དབང་རྡོ་རྗེ་ཡིས་གསར་འགོད་པར་བཤད་པའི་སྐད་ཆ་ཞིག་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་རུ་སྐྱེས་པའི་ཚེ་དབང་རྡོ་རྗེ་ནི་ཁམས་ར་གྲོང་རྡལ་བྲག་ཁང་སྣ་ཁ་སྡེ་བ་རུ་ཆགས་པའི་རྡོ་རྗེ་མི་རིགས་རིག་གནས་ཡུལ་སྐོར་གསར་སྐྲུན་ཐོན་ལས་ར་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྤྱི་གཉེར་པ་ཡིན།
ཚེ་དབང་རྡོ་རྗེ་ཆུང་དུས་སུ་ཁྱིམ་ཚང་གི་ཆ་རྐྱེན་དེ་འདྲ་བཟང་པོ་མིན་སྟབས། ཁོ་རང་ལོ་ན་བཅུ་གསུམ་སྟེང་ཕ་ཡུལ་དང་ཁ་བྲལ་ནས་ཚོང་ལས་ཀྱི་ལམ་དུ་བསྙེགས་པ་རེད། ཕོ་ལོ་བཅོ་ལྔར་བུད་ན་གཏམ་ཕ་ལ་མི་འདྲི་ཞེས་པའི་དཔེ་ལྟར། ལོ་བཅུ་དགུའི་སྟེང་ཁོས་བོད་ལྗོངས་ལྷ་ས་གཙོ་བྱས་པའི་ས་ཆ་མང་པོ་རུ་བོད་ཀྱི་ཅ་ལག་རིགས་བཙོངས་ནས་ཚོང་ལས་སྐོར་གྱི་ཤེས་བྱར་ཐོག་མར་སློབ་སྦྱོང་བྱེད་མགོ་ཚུགས། དུས་སྐབས་དེར་མཚོན་ན། གཅིག་ནས་ཁྱིམ་ཚང་གི་ཆ་རྐྱེན་མི་བཟང་བ་དང་། གཉིས་ནས་ཕ་ཡུལ་དང་ཁ་བྲལ་ནས་ཡོང་བའི་ཚེ་དབང་རྡོ་རྗེ་ལ་མཚོན་ན་ནམ་ཡང་ཕམ་མི་ཉན་པའི་བསམ་བློ་ཞིག་ཡོད། དགའ་བ་དང་སྡུག་བསྔལ་གྱི་མདུན་དུ་རང་མགོ་རང་གིས་གཡོག་མི་ཉན་པའི་དམ་བཅའ་ཡིད་ལ་བཟུང་ནས་འབད་པ་བྱས་མཐར། ཁོའི་ཚོང་ལས་ཀྱི་ལམ་བུར་རིམ་བཞིན་འགྱུར་ལྡོག་བྱུང་སྟེ་རྒྱལ་ས་པེ་ཅིན་དུ་ཚོང་ལས་གཉེར་དུ་སོང་།

རྒྱལ་སྤྱིའི་ཚོང་རའི་མདུན་གྲལ་ནས་རྐང་བཙུགས་ཏེ་ཚོང་ལས་རིག་གནས་བརྗེ་རེས་ཀྱི་ལམ་ཁར་ཞུགས་རྒྱུ་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན། ཡིན་ཡང་དཀའ་ངལ་གྱི་མདུན་དུ་ནམ་ཡང་མགོ་སྒུར་མ་མྱོང་བའི་ཚེ་དབང་རྡོ་རྗེ་ལ་མཚོན་ན། དར་རྒྱས་ཆེས་ཆེ་བའི་རྒྱལ་ས་པེ་ཅིན་དུ་ཚོང་ལས་གཉེར་རྒྱུ་ནི་གོ་སྐབས་ཡག་ཤོས་ཤིག་རེད། ཁོས་ལོ་ངོ་མང་པོའི་རིང་འབད་པ་བྱས་མཐར། ལྟ་རྒྱ་དང་ཐོས་རྒྱ་ཇེ་ཆེར་སོང་ནས་ཚོང་ལས་ཀྱི་ལམ་ཁ་རིམ་བཞིན་ཡངས་པོར་གྱུར། ཉིས་སྟོང་ལོར་ཐོག་མར་རྒྱལ་ས་པེ་ཅིན་དུ་རྡོ་རྗེ་རྒྱལ་སྤྱི་ཉོ་ཚོང་ཚད་ཡོད་ཀུང་སི་ཟེར་བ་ཞིག་གསར་དུ་བཙུགས་ཤིང་། པེ་ཅིན་དང་ལི་ཅང་། ཁུང་མིན། ཁྲིན་ཏུའུ་སོགས་ས་ཁུལ་དུ་ཡན་ལག་ཚོང་ཁང་དང་མཉམ་འབྲེལ་ཚོང་ཁང་བཙུགས་ནས་རྒྱལ་སྤྱིའི་ཁྱིམ་ཆས་སྡེབ་འཚོང་དང་སིལ་འཚོང་གི་ལས་སྒོ་གཉེར་ནས་ལོ་རེའི་ཕྱིར་འཚོང་མ་དངུལ་སྒོར་མོ་ས་ཡ་དགུ་ལྷག་ལ་སླེབས།

ལོ་ངོ་དེ་དག་གི་རིང་ལ་ཁོས་བོད་ཁུལ་ནས་མི་སྣ་བརྒྱ་ལྷག་སྐྱེད་སྲིང་བྱས་ཏེ་ད་ལྟ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་རུ་ཚོང་ལས་གཉེར་བཞིན་ཡོད་ཅིང་། རང་ལ་ཡོང་འབབ་ཡོད་པ་ནི་དགའ་འོས་པའི་དོན་བཟང་ཞིག་ཡིན་པར་མ་ཟད་རེ་བ་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག་ཆོག་རེད། ཚོང་ལས་རིམ་བཞིན་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་བསྟུན་ཕ་ཡུལ་གྱི་རྣམ་པ་བསྒྱུར་ཆེད་ཁེ་ལས་ཞིག་བསྒྲུབ་དགོས་པའི་འདུན་པ་དེ་ཡང་ཇེ་ཆེ་ནས་ཇེ་ཆེར་གྱུར།

གནས་སྐོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་དམིགས་ནས་ཉིས་སྟོང་བཅུ་གཉིས་ལོར་གཅན་ཚ་རྫོང་བྲག་ཁང་སྣ་ཁ་རུ་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཏང་ནས་རྡོ་རྗེ་མི་རིགས་རིག་གནས་ཡུལ་སྐོར་གསར་སྐྲུན་ཐོན་ལས་ར་བ་གསར་དུ་བཙུགས་ཤིང་། ཐོན་ལས་ར་བ་རུ་བོད་ཀྱི་འཚོ་བ་རོལ་མྱོང་བྱེད་ས་དང་། ཤིང་བརྐོས་རིག་གནས་འགྲེམ་སྟོན་བྱེད་ས། ཟས་རིགས་འཚོ་བར་རོལ་མྱོང་བྱེད་ས། ལག་བཟོས་སྒྱུ་རྩལ་ཐོན་རྫས་དང་ཞིང་ལས་ཐོན་རྫས་འགྲེམ་སྟོན་དང་ཕྱིར་འཚོང་སོགས་སྒྲིག་བཀོད་བྱས་ཡོད། དེ་ནི་དེང་སྐབས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་ལྗོངས་རྒྱུ་གཉིས་དཀྱུས་གཅིག་ཏུ་འདྲེས་པའི་རིག་གནས་སྤྲོ་གསེང་ལྗོངས་རྒྱུ་ཁུལ་དུ་གྱུར་པ་དང་། གཞན་ཐོན་ལས་ར་བ་གནས་ཡུལ་གྱི་སྡེ་བའི་འཚོ་བ་གསར་པ་འཛུགས་པར་མ་དངུལ་གྱིས་རྒྱབ་སྐྱོར་དང་སྡེ་དམངས་ལས་ཀར་བསྡུ་ལེན་བྱེད་པ། ལག་བཟོའི་སྒྱུ་རྩལ་ལས་སྣོན་གྱིས་ཞིང་པ་ཁྱིམ་ཚང་ལ་རོགས་བྱེད་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས། ཞིང་པ་མང་ཚོགས་རྣམས་ཕྱུག་བསྒྱུར་དང་ཐོན་ལས་ཀྱིས་མང་ཚོགས་ལ་ཕན་ཐོགས་པའི་ཐོན་ལས་ར་བའི་དཔེ་དབྱིབས་གསར་པ་ཞིག་ཆགས་ཡོད།

ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། ཚེ་དབང་རྡོ་རྗེར་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག “ཏང་ཀྲི་པུའུ་དང་། ཀུང་སི། རྟེན་གཞི། དབུལ་ཕོངས་ཁྱིམ་ཚང”གི་དཔེ་དབྱིབས་ལ་བརྟེན་ནས་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་བྱ་བའི་ནང་ཞུགས་པ་དང་། རྫོང་རིམ་པའི་དབུལ་སྐྱོར་ཆེད་དམིགས་མ་དངུལ་སྒོར་མོ་ས་ཡ་གསུམ་བཏང་ནས་དབུལ་ཕོངས་ཁྱིམ་ཚང་ཁེ་ལས་ནང་ཞུགས་ཏེ་ཡོང་སྒོ་བགོ་བཤའ་རྒྱག་པར་སྐུལ་ཁྲིད་བྱས། ཉེ་འཁོར་སྡེ་བ་གསུམ་གྱི་དབུལ་ཕོངས་ཁྱིམ་ཚང་ཞེ་ལྔ་ལ་ཐོན་ལས་ལས་གཞིའི་མ་དངུལ་སྒོར་མོ་འབུམ་དགུ་དང་ཁྲི་བརྒྱད་ལྷག་ཡོད་པ་དེ་རྡོ་རྗེ་མི་རིགས་རིག་གནས་གནས་སྐོར་གསར་སྐྲུན་ཐོན་ལས་ར་བའི་ནང་མ་རྐང་དུ་བཞག་པ་དང་། ཞིང་པ་ཁྱིམ་ཚང་རེར་ལོ་རེར་བརྒྱ་ཆའི་བཅུ་ཡི་ཡོང་སྒོ་བགོ་བཤའ་ལྟར། དབུལ་ཕོངས་ཁྱིམ་ཚང་རེར་ལོ་རེར་ཡོང་འབབ་སྒོར་མོ་སྟོང་གཉིས་དང་བཞི་བརྒྱ་ལྷག་གི་བགོ་བཤའ་ཐོབ་ཡོད།

ཤིང་བརྐོས་རི་མོའི་ལས་ཀར་བྲེལ་བཞིན་པའི་ལས་བཟོ་པ་ལྷ་ལུང་གིས་ཕྱིར་དྲན་དང་བཅས་གསར་འགོད་པར་བཤད་རྒྱུར། སྔོན་ཆད་ངེད་ཚང་ལ་ཡོང་སྒོ་ཆེན་པོ་མེད་པས་ཁྱིམ་ཚང་གི་འཚོ་བ་ད་སྐབས་དང་བསྡུར་ཐབས་མེད། ངེད་ཚང་གི་མི་གཉིས་ཀྱིས་ཐོན་ལས་ར་བའི་ནང་ལས་ཀ་ལས་བཞིན་ཡོད་ལ་ཟླ་གཅིག་ལ་ཡོང་སྒོ་སྒོར་མོ་སྟོང་བརྒྱད་ལྷག་བཙལ་ཐུབ་པར་མ་ཟད། ལག་རྩལ་ཡང་མི་ཉུང་བ་ཞིག་སློབ་ཐུབ་པ་བྱུང་ཟེར།

དབུལ་ཕོངས་མང་ཚོགས་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་དགོས་ན་བསམ་བློར་འགྱུར་བ་གཏོང་དགོས་པ་བཞིན། ཚེ་དབང་རྡོ་རྗེ་ཡིས་དབུལ་ཕོངས་ཁྱིམ་ཚང་གི་མི་གྱ་བདུན་ཁོའི་ར་བའི་ནང་ལས་ཞུགས་བྱེད་དུ་བཅུག་པ་དང་། ཤིང་བརྐོའི་ལག་རྩལ་དང་རི་མོའི་ལག་རྩལ་གསབ་སྦྱོང་འཛིན་གྲྭ་བཙུགས་ནས་ཁོ་ཚོ་ཁྱིམ་གྱི་སྒོ་ཁ་ནས་ལས་ཀར་ཞུགས་པ་དང་ལག་རྩལ་སློབ་ནས་དབུལ་ཐར་ཕྱུག་བསྒྱུར་གྱི་རེ་བ་མངོན་འགྱུར་བྱེད་ཐུབ་པ་བྱུང་། མིག་སྔར་ཐོན་ལས་ར་བ་དེ་རུ་ལས་བཟོ་པ་ཉིས་བརྒྱ་དྲུག་ཅུ་ཡོད་པ་དང་། དབུལ་ཕོངས་མང་ཚོགས་ཞེ་ལྔ་ལ་ལག་རྩལ་གསོ་སྦྱོང་བྱས་པ་དང་ད་ལྟ་ལས་རྐང་དུ་འབྱོར་ཡོད།

མང་ཚོགས་ཀྱི་སེམས་སུ་ཚེ་དབང་རྡོ་རྗེ་ནི་རྒྱུ་འབྱོར་བ་ཅན་གྱི་མིའི་ཉམས་སྟོན་པར་དགའ་བ་ཞིག་མ་ཡིན་པར། མང་ཚོགས་དཀའ་ངལ་ལ་འཕྲད་དུས་ཕྱོགས་གང་ཐད་ནས་རོགས་བྱེད་རྒྱུར་དགའ་བའི་མི་བཟང་པོ་ཞིག་ཏུ་རློམ་ནས་བསྟོད་པའི་མཐེ་བོང་སྒྲེང་གིན་ཡོད། ད་ལོ་ལོ་ལྔ་བཅུ་ལ་སླེབས་པའི་རྒན་མོ་གདུགས་དཀར་མཚོ་ལ་ནད་ལྗིད་མོ་ཞིག་ཕོག་ནས་ཞིང་ཆེན་གཞན་དུ་སོང་ནས་སྨན་བཅོས་བྱེད་དགོས་པའི་གནས་ཚུལ་ཐོས་མ་ཐག རྡོ་རྗེ་ཡིས་རང་སྟེང་ནས་སྒོར་མོས་རོགས་རམ་བྱས། དེར་མ་ཟད་ད་དུང་བྲག་ཁང་སྣ་ཁ་སྡེ་བ་རུ་སྔ་གཞུག་ཏུ་རིག་རྩལ་བྱ་འགུལ་སྣ་ཚོགས་སྤེལ་བའི་ཐད་ལ་སྒོར་ཁྲི་དྲུག་ལྷག་བཏང་ནས་སྡེ་བའི་རིག་རྩལ་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་ཡོད།

གསར་འགོད་པས་དབུལ་ཕོངས་མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱས་པའི་སྐོར་ནས་བཅར་འདྲི་བྱེད་སྐབས། ཚེ་དབང་རྡོ་རྗེ་ཡིས་བཤད་རྒྱུར། ངས་མང་ཚོགས་ལ་རོགས་ཅི་ཙམ་བྱས་པ་མང་ཚོགས་ཀྱི་སེམས་སུ་གསལ་བ་ལས་ངས་མཚམས་སྦྱོར་བྱེད་དགོས་པ་ཞིག་མིན། ང་རང་ཕྱིར་ཕ་ཡུལ་དུ་ལོག་ནས་ཁེ་ལས་གཉེར་བ་ནི་ཕ་ཡུལ་ལ་དྲིན་ལན་འཇལ་བ་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ། མང་ཚོགས་ཀྱི་བསམ་བློར་འགྱུར་བ་བཏང་ནས་རང་ཁ་རང་གསོ་བྱེད་ཐུབ་པར་གར་སྟེགས་ཤིག་འདོན་སྤྲོད་བྱེད་བསམ་པ་དེ་ཡིན། མ་འོངས་པའི་ལོ་གཉིས་རིང་ཐོན་ལས་ར་བ་རུ་ལས་རྐང་ལྔ་བཅུ་བཀོད་སྒྲིག་བྱས་ཏེ་ས་གནས་ཀྱི་དབུལ་ཕོངས་མང་ཚོགས་དུས་ཡུན་རིང་པོར་ལས་ཞུགས་བྱེད་ཐུབ་པར་འབད་པ་བྱེད་རྒྱུ་ཡིན་ཟེར། འདི་ནི་ཁེ་ལས་པ་ཞིག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་པ་དང་། ས་གནས་ཀྱི་དབུལ་སྐྱོར་འགག་གཏོར་བྱ་བར་བཟུང་བའི་རྣམ་འགྱུར་ཞིག་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ། 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།