བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བོད་ཡིག་ནོར་ནོར་བརྙན་འཕྲིན་དྲ་བ་སྤྱི་ཟླ་༩ཚེས་༡༥ཉིན་དྲ་ཐོག་ཏུ་ཤར་གཏོང་བྱ་རྒྱུ་རེད།
2016.09.14 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 0

 སྤྱི་ཟླ་༩ཚེས་༡༥ཉིན།   བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བོད་ཡིག་ནོར་ནོར་བརྙན་འཕྲིན་དྲ་བ་གཟབ་རྒྱས་ངང་དྲ་ཐོག་ཏུ་ཤར་གཏོང་བྱ་རྒྱུ་རེད།  བོད་ཡིག་གི་ནོར་ནོར་བརྙན་འཕྲིན་དྲ་བའི་དྲ་ཚིགས་ནི། www.xzitv.com/tibetanདང་། ཡང་ན། རྒྱ་ཡིག་གི་ནོར་ནོར་དྲ་བའི་དྲ་ངོས་ཀྱི་ www.xzitv.comབོད་ཡིག་ཅེས་པའི་ཡིག་འབྲུར་བསྣན་ཚེ། བོད་ཡིག་གི་ནོར་ནོར་བརྙན་འཕྲིན་དྲ་བའི་ནང་འཛུལ་ཐུབ་ལ། ཞུ་འཇུག་དང་ཐོ་འགོད་ཀྱང་བྱས་ཆོག

 

བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བོད་ཡིག་གི་ནོར་ནོར་བརྙན་འཕྲིན་དྲ་བ་ནི། བོད་ཀྱི་རྔམ་ཞིང་བརྗིད་པའི་རིག་གནས་དང་།   ལོ་རྒྱུས།   ས་ཁམས་སོགས་ལ་གཞིར་བཅས་ཏེ། གཙོ་བོ་ནང་དོན་སྙིང་བོར་འཛིན་པའི་སྒོ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པ་དང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ཕུན་སུམ་ཚོགས་པའི་བརྙན་འཕྲིན་ཐོན་ཁུངས་ལ་བརྟེན་ནས། བོད་ཀྱི་སྣོད་བཅུད་སོགས་ལ་འབྲེལ་བའི་གསར་འགྱུར་དང་།   བརྙན་འཕྲིན་འདུས་པའི་དྲ་ཚིགས་ཤིག་ཡིན།  ནང་དོན་གཙོ་བོར་ཞིང་ཆེན་དང་ལྗོངས་ལྔའི་བོད་ཁམས་དང་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར། བོད་རྒྱ་སྲུང་སྐར་འཕྲིན་ལམ་གྱི་ཐད་གཏོང་།   རིག་རྩལ། བོད་སྐད་འཕྲིན་ལམ་གྱི་ལེ་ཚན་བརྒྱུད་གཏོང་། གློག་བརྙན། མུ་འབྲེལ་བརྙན་འཕྲིན་ཟློས་གར། རིག་གནས། སྣ་ཚོགས། ཚོང་ལས་བཅས་ལེ་ཚན་ཆེན་པོ་༨དང་། འབྲིང་ལ་རོལ་དབྱངས། ཞབས་བྲོ། འཁྲབ་ཚན་ཐུང་ངུ་། དགོད་བྲོའི་གཏམ་གླེང་། དམངས་སྲོལ། ཆོས་ལུགས། ཡུལ་སྐོར། རྩོམ་རིག  གསོ་རིག  འཆད་ཁྲིད། དཔེ་དེབ་ལ་སོགས་༣༩དང་།  ཆུང་ལ་ཡུལ་སྲོལ་གོམས་གཤིས། རྒྱན་གོས་བཟའ་བཏུང་། སྒྲུབ་བརྒྱུད་གྲུབ་མཐའ། ནང་དོན་རིག་པ། མཆོད་ཆས་མཚོན་རིས། གྲགས་རྩོམ་མཇལ་ཀློག གནས་མཇལ་ལམ་ཡིག  སྦྲ་ནག་འཛུམ་རིས། འཇིག་རྟེན་ངོ་མཚར་ལ་སོགས་༢༦ལས་གྲུབ་པ་ཞིག་ཡིན།    

བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གསར་གཏོད་དང་མཐུན་སྦྱོར།  གནོད་མེད། སྒོ་དབྱེ།  མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ།  སྲོལ་རྒྱུན་གྱི་བརྙན་འཕྲིན་སྨྱན་སྦྱོར་དང་།  སྨྱན་སྦྱོར་གསར་པའི་བར་གྱི་མཉམ་བསྲེས་འཕེལ་རྒྱས་གཏོང་རྒྱུར་སྐུལ་སྤེལ་བཏང་ནས་དྲ་ཐོག་བརྒྱུད་སྤེལ་བྱེད་པའི་ཆོས་ཉིད་གསར་པ་དང་།  ཁྱད་ཆོས་གསར་པ་བེད་སྤྱོད་གང་ལེགས་བྱས་ཏེ།   བོད་ཡིག་ནོར་ནོར་བརྙན་འཕྲིན་དྲ་བའི་ལྟེ་བའི་འགྲན་རྩོད་ནུས་པ་དང་།  ཤུགས་རྐྱེན་ཐེབས་ཤུགས་གོང་མཐོར་བཏང་ནས་བོད་ཡིག་གི་ནོར་ནོར་བརྙན་འཕྲིན་འཛུགས་སྐྱོང་བྱ་རྒྱུ་དེ། བོད་ལྗོངས་གསར་པ་དྲིལ་བསྒྲགས་བྱེད་པ་དང་།  བོད་ཀྱི་རིག་གནས་བརྒྱུད་སྤེལ་བྱེད་པའི་སྨྱན་སྦྱོར་གསར་པའི་སྟེགས་བུ་གལ་ཆེན་ཞིག་དང་།  ལྗོངས་ཕྱི་ནང་གི་བོད་དང་འབྲེལ་བའི་ལེ་ཚན་གཏོང་སྤེལ་བྱེད་སའི་སྟེགས་བུ་གསར་པ་ཞིག་སྟེ།   བརྙན་འཕྲིན་དང་དྲ་བ་མཉམ་དུ་སྦྱོར་པའི་སྨྱན་སྦྱོར་གསར་པའི་དྲ་ཐོག་གཏོང་སྤེལ་ལྟེ་གནས་དང་།   དྲ་ཐོག་བགྲོ་གླེང་ལྟེ་གནས་ཞིག་ཏུ་ཆགས་པ་བཅས་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁྲིད་སྟོན་དང་།   མི་དམངས་མང་ཚོགས་དོན་དངོས་ལས་དོན་ལ་སྐུལ་འདེད་གཏོང་བའི་དྲིལ་བསྒྲགས་སྟེགས་བུ་གལ་ཆེན་ཞིག་ཏུ་འབད་བརྩོན་བྱེད་བཞིན་ཡོད།  

རྒྱལ་ཡོངས་བརྙན་འཕྲིན་ལས་གཉེར་ཁྲོད་ལོ་ན་ཆུང་ཤོས་ཀྱི་ཞིང་ཆེན་རིམ་པའི་བརྙན་འཕྲིན་སྨྱན་སྦྱོར་ཞིག་གི་ངོས་ནས།   བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་སྨྱན་སྦྱོར་ཁྱབ་བརྡལ་གྱི་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས།   གསར་དར་སྨྱན་སྦྱོར་གྱི་ཚབ་མཚོན་ཐོན་རྫས་ཏེ།  སྙིང་སྡུག་ལགས་ཞེས་པ་དེ་རྒྱ་ཡིག་གི་སྐད་འཕྲིན་སྤྱི་སྟེགས་ཐོག་སྤེལ་ནས་རྒྱལ་ཡོངས་ནས་གསར་དར་སྨྱན་སྦྱོར་གྱི་གོམ་པ་དང་པོ་སྤོ་འགོ་བརྩམས་པ་ནས་བཟུང་།   སྤྱི་ལོ་༢༠༡༥ལོའི་ཟླ་༦ཚེས་༡༥ཉིན། བོད་སྐད་ཀྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་ཐོག་མ་སྟེ། སེམས་ཀྱི་ཞིང་ཁམས་(阳光西藏)ཞེས་པ་ལས་གཉེར་བྱ་འགོ་བརྩམས་པ་དང་།   སྤྱི་ལོ་༢༠༡༦ལོའི་ཟླ་༡༡ཚེས་༡༨ཉིན།  བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་རྒྱ་ཡིག་གི་ནོར་ནོར་དྲ་བ་དང་།  ལག་འཁྱེར་ཁ་པར་གྱི་འགུལ་སྤྱོད་མཐུད་སྣེ་བོད་ཀྱི་སྤྱན་རས་ཞེས་པ་དངོས་སུ་ལས་གཉེར་བྱ་འགོ་བརྩམས་པ་དེས། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ལ་གསར་དར་སྨྱན་སྦྱོར་མེད་པ་ནས་ཡོད་པ་དང་།  ཡོད་པ་ནས་འཕེལ་རྒྱས་སུ་གཏོང་བ་དང་།  མིག་སྔར།  བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་རང་ངོས་ཀྱི་ལག་རྩལ་དང་བརྗོད་དོན་ལ་བརྟེན་ནས། བོད་ཡིག་རང་ངོས་ཀྱི་ཐོག་ནས་བཏོན་པའི་ནོར་ནོར་བརྙན་འཕྲིན་དྲ་བ་འདི་ཡང་།   བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་སྨྱན་སྦྱོར་ཀུན་ཁྱབ་ལེགས་སྒྱུར་ལམ་བུའི་ཁྲོད་ཀྱི་འགག་གྲོལ་ཆེན་པོ་ཞིག་ཡིན།   

བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་མིག་སྔར་དྲ་ཐོག་ལ་བཏོན་ཟིན་པའི་ཐོན་རྫས་ལ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ནོར་ནོར་བརྙན་འཕྲིན་དྲ་བ་དང་། ལག་འཁྱེར་ཁ་པར་གྱི་འགུལ་སྤྱོད་མཐུད་སྣེ་བོད་ཀྱི་སྤྱན་རས།  སེམས་ཀྱི་ཞིང་ཁམས་ཞེས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས།  དེ་བཞིན་འཛམ་གླིང་ཡང་རྩེའི་སྨྱན་སྦྱོར།   ཉིན་རེའི་གཏམ་བཤད་སོགས་ཡོད།   ད་དུང་མུ་མཐུད་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ནོར་ནོར་བརྙན་འཕྲིན་དྲ་བའི་ལག་འཁྱེར་ཁ་པར་གྱི་འགུལ་སྤྱོད་མཐུད་སྣེ་སོགས་ཐོན་རྫས་འདོན་རྩིས་ཡོད།  

བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་སྨྱན་སྦྱོར་ཀུན་ཁྱབ་ལེགས་སྒྱུར་བྱེད་པའི་ལམ་བུའི་ཐོག་ཐོག་མཐའ་བར་གསུམ་དུ་བརྙན་འཕྲིན་དང་དྲ་བ་མཉམ་འབྲེལ་དང་།  དྲ་བ་གཙོ་བོར་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཐོག  བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ།  བོད་ལ་གཞི་ཚུགས་པ་དང་། རྒྱལ་ཡོངས་ལ་ཁ་ཕྱོགས་པ།  འཛམ་གླིང་དུ་སྐྱོད་པའི་བོད་དང་འབྲེལ་བའི་སྒྲ་དང་བརྙན་གྱི་ཐོན་རྫས་གཙིགས་སུ་བཟུང་ནས། ནང་དོན་ཕུན་སུམ་ཚོགས་ཤིང་དྲ་ངོས་གྲལ་དག་པའི་བརྙན་འཕྲིན་དྲ་ཚིགས་དང་། སྨྱན་སྦྱོར་གསར་པའི་སྟེགས་བུ་རབ་དང་རིམ་པ་བཏོན་ནས། བོད་ཡིག་གི་ནོར་ནོར་བརྙན་འཕྲིན་དྲ་བ་དེ་རྒྱལ་ཡོངས་ནས་དྲ་ཚིགས་ཡག་ཤོས་ཤིག་དང་།  བོད་ལྗོངས་གསར་པའི་འཕེལ་རྒྱས་དང་འགྱུར་ལྡོག་དྲིལ་བསྒྲགས་བྱེད་ས་དང་།  ཀྲུང་གོའི་ཕུགས་འདུན་བོད་ཀྱི་གཏམ་རྒྱུད་བཤད་སའི་སྟེགས་བུ་གལ་ཆེན་ཞིག་སྟེ།  རྒྱལ་ཁབ་ཕྱི་ནང་གི་སྤྱོད་མཁན་རྣམ་པས་བོད་ལ་རྒྱུས་ལོན་པ་བྱེད་པ་དང་།  ཤེས་རྟོགས་བྱེད་པའི་གསར་དར་ལམ་བུ་ཞིག་ལ་འབད་ཐབས་བྱ་བཞིན་ཡོད།  །

未命名.jpg