གཅན་ཚའི་སྲོལ་རྒྱུན་མདའ་སྟོན་མཉམ་རོལ་སྐབས་དང་པོ་སྤེལ་བའི་བརྡ་ཐོ།
2016.12.12 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 49

༄༅། ། གཅེས་སུ་འོས་པའི་ཕ་ཡུལ་གཅན་ཚའི་ཡུལ་སྡེ་སོ་སོ་ལ།
                     དགེ་བ་ཕུན་སུམ་ཚོགས་པའི་སྐུལ་མ་དང་བཅས། ཞུ་སྙིང་ནི།

གྲོང་ཁྱེར་ཟི་ལིང་དུ་གཞིས་ཆགས་པའི་གཅན་ཚའི་མདའ་དགའ་སྤུན་ཟླ་རྣམས་མཉམ་འཛོམས་ཐོག་ཕ་མེས་ནས་བརྒྱུད་འོངས་ཤིང་རང་ཅག་གི་སྲོལ་རྒྱུན་རིག་གནས་ཀྱི་ཆ་ལག་གཙོ་བོ་ཞིག་སྟེ་མདའ་རྩེད་དང་། ཁྱད་པར་དུ་མདའ་སྟོན་གྱི་ཆོ་ག་གང་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་ཐད་རང་ནུས་གང་ཡོད་འདོན་པར་དམིགས་ནས། ད་ལོར་གཅན་ཚའི་མདའ་རྩེད་ལོ་འཁོར་མཉམ་རོལ་(赛季制尖扎射联赛)ཐོག་མ་སྤེལ་བར་རོགས་རམ་གཟེངས་བསྟོད་འབུལ་བའི་སྟ་གོན་བྱེད་བཞིན་ཡོད་ཅིང་། སྤྲེལ་ལོའི་མཉམ་རོལ་ཞེས་པ་བོད་ལོའི་ནང་སྤེལ་འགོ་འཛིན་པར་གྲོས་འཆམ་བྱུང་ཡོད།

སྡེ་བ་སོ་སོས་རྭ་གཞུ་དང་གཞུ་ལེབ་གང་རུང་སྔར་སྲོལ་ལྟར་སྤྱད་པའི་རྨང་གཞིའི་སྟེང་རྩེད་རོགས་སྡེ་བ་གཞན་གང་ཞིག་དང་སྲོལ་རྒྱུན་གྱི་ལུགས་ཇི་ལྟ་བ་བཞིན་མདའ་རྩེད་གནང་བ་དང་། ངེད་ཚོའི་ལས་རིམ་བླང་བྱར་ཁས་ལེན་ཡོད་པ། སྡེ་བའི་མདའ་རྩེད་སྐོར་དུས་ཐོག་ཏུ་ཞུ་འབུལ་བྱེད་ཐུབ་པ་ཡིན་ན་མཉམ་རོལ་འདི་ལ་ཞུགས་པའི་རེ་བ་ཞུ་ཆོག་ཅིང་། མཉམ་རོལ་ལས་སྣ་ཚོགས་པས་འགྲོ་ལུགས་ཀྱི་ལས་རིམ་ངེས་ཅན་གཏན་ལ་ཕབ་སྟེ་རིམ་པར་མདའ་སྡེ་འགའ་ལ་རྩེད་མོ་ལེགས་ཤོས་ཀྱི་བྱ་དགའ་ (尖扎射箭联赛猴年赛季优胜奖)དང་། དེ་ལས་མདའ་སྡེ་རྩེར་སོན་དག་ལ་གཡང་མདའི་བྱ་དགའ(尖扎射箭联赛猴年赛季神箭奖)གནང་ནས་སྲོལ་རྒྱུན་མདའ་སྟོན་ལ་རོལ་བར་མཐུན་རྐྱེན་སྦྱོར་འཆར་ཡོད་པ་ལགས །
དེ་ཡང་ཡུལ་སྡེའི་སྲོལ་རྒྱུན་གྱི་མདའ་འཕེན་སྟངས་དང་བསུ་སྟངས། མདའ་སྟོན་ལ་སོགས་པའི་མགོ་མཇུག་བར་གསུམ་གྱི་ཆོ་ག་གྲ་མ་ཉམས་གྲུ་མ་ཆག་པར་རྒྱུན་འཛིན་བྱ་ཕྱིར། སྡེ་བ་སོ་སོས་རང་ལ་ད་ལོ་བབས་སྐལ་ཡོད་པ་དང་སྲོལ་རྒྱུན་མདའ་རྩེད་ལ་རོལ་ཆོག་པའི་གྲོས་ཐག་གི་དོན་རྩ། དེ་མིན་ད་ལྟ་མཐེབ་བསྡུ་གྲ་སྒྲིག་གམ་སྡེ་བ་གང་ལ་མདའ་རྩེད་བྱེད་བཞིན་པ་སོགས་གསལ་བཤད་ཡི་གེ་དང་པར་རིས། སྡེ་གཞུང་ནས་ཐམ་ཀ་བཏབ་པའི་ཐོ་འགོད་ཡི་གེ སྡེ་བའི་མདའ་བ་ཡོངས་ཀྱི་མིང་ཐོའི་རེའུ་མིག་བཅས་དེ་རིང་ནས་བོད་རྩིས་མེ་སྤྲེལ་ལོའི་ཟླ༡༡པའི་ཚེས༡ཉིན་ནམ་སྤྱི་རྩིས་༢༠༡༦ལོའི་ཟླ༡༢པའི་ཚེས༣༠སྔོན་ལ་སྐད་འཕྲིན་དྲ་ངོས་ཀྱི་ལམ་ནས་ཟི་ལིང་གཞིས་ཆགས་གཅན་ཚའི་མདའ་བའི་སྡེ་ལ་འཕྲོད་པར་གྱིས། རེ་ཞུ་ཡི་གེ་སྤྲོད་སའི་དྲ་ལམ་སྦྲེལ་ཚིགས་ནིwww.yangdashangbao.com དང་སྐད་འཕྲིན་སྤྱི་སྟེགས yangdax9 ཡིན་ལ། གློག་རྡུལ་མ་ཡིག་སྐ་ཕུག་ཕག་ཚེ་ཡི་སྐད་འཕྲིན13997273615སྟེང་སྤྲོད་རོགས།
རེ་ཞུའི་བླང་བྱ་དང་མཐུན་ལ་འགྲན་ཞུགས་ཆ་རྐྱེན་འཛོམས་པའི་སྡེ་བ་རེས་སྐུ་ཚབ་མི་ངོ་གསུམ་རེ་མངགས་ཏེ་བོད་རྩིས་མེ་སྤྲེལ་ལོའི་ཟླ༡༡པའི་ཚེས༣ཉིན་ནམ་སྤྱི་རྩིས༢༠༡༦ལོའི་ཟླ་དང་པོའི་ཚེས༡ཉིན་སྟེ་གཟའ་ཉི་མའི་ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་ཉིན་ཐོ་འགོད་ཡི་གེ་འཁྱེར་ནས་དུས་ལྟར་གཅན་ཚ་རྫོང་ཐོག་ཏུ་མཉམ་རོལ་སྤེལ་སྟངས་དང་འགྲིག་ལམ། བདེ་འཇགས་ལ་སོགས་པའི་ནང་དོན་ཐད་ཀྱི་གསོ་སྦྱོང་ཚོགས་འདུར་ཞུགས་དགོས།ཚོགས་འདུའི་ས་གནས་དྲ་ལམ་ནས་བརྡ་གཏོང་ངེས་ཡིན།
རེ་ཞུའི་ཡི་གེ་དང་མཉམ་དུ་མདའ་བའི་མིང་ཐོ་རེའུ་མིག་ཀྱང་སྤྲོད་དགོས། དེའི་ནང་ཚོ་བའི་མིང་། མདའ་བའི་བོད་ཡིག་གི་མིང་། རྒྱ་ཡིག་གི་མིང་།ཐོབ་ཐང་ལག་ཁྱེར་སྟེང་གིཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས།མིང་རིགས་འདྲ་ཕན་ཚུན་མི་ནོར་བའི་ཆེད་དུསྡོད་གནས།སྡེ་བའི་ནང་སྡོད་མཁན་ལ་གཞིས་སྡོད་དང་ཡུལ་གཞན་དུ་གནས་སྡོད་བྱེད་པ་ལ་ཡུལ་དེའི་མིང་ཕྲིསམདའ་བ་རང་རང་གི་མིང་ངམ་མཛུབ་རིས་འགོད་པ་སོགས་ཟུར་བཀོད་རེའུ་མིག་ལྟར་འབྲི་དགོས།


གཅན་ཚ་རྫོང་ཐོག་གི་འབྲེལ་གཏུག་བྱ་ཡུལ། སྟག་འབུམ་རྒྱལ།
ཁ་པར། 13119835516 སྐད་འཕྲིན། dryangda
ཟི་ལིང་གི་འབྲེལ་གཏུག་བྱ་ཡུལ། སྐ་ཕུག་ཕག་མོ་ཚེ་བརྟན།
ཁ་པར། 13997273615 སྐད་འཕྲིན། 13997273615

ཟུར་བཀོད།
1 སྤྲེལ་ལོའི་གཅན་ཚའི་མདའ་རྩེད་མཉམ་རོལ་ལ་ཞུགས་པའི་ཐོ་འགོད་རེ་ཞུ་ཡི་གེའི་མ་དཔེ།

文件类型: .doc    སྤྲེལ་ལོའི་གཅན་ཚའི་མདའ་རྩེད་མཉམ་རོལ་ལ་ཞུགས་པའི་ཐོ་འགོད་རེ་ཞུ་ཡི་གེའི་མ་དཔེ།(37.0 KB)


2 སྤྲེལ་ལོའི་མདའ་རྩེད་མཉམ་རོལ་ལ་ཞུགས་པའི་མིང་ཐོ།

\"文件类型:    སྤྲེལ་ལོའི་མདའ་རྩེད་མཉམ་རོལ་ལ་ཞུགས་པའི་མིང་ཐོ། (13.0 KB)

ཞེས་ཟི་ལིང་གཞིས་ཆགས་གཅན་ཚའི་མདའ་བའི་སྡེ་ནས།
བོད་ཟླ༡༠པའི་ཚེས༡༢སམ་ཕྱི་ཟླ༡༢ཚེས༡༠ཉིན་ལ།