ཨ་མདོ་བརྙན་འཕྲིན་གྱིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན་དང་སེར་པོ་གསེར་གྱི་གར་སྟེགས་ཞེས་པའི་ལོ་སར་རིག་རྩལ་ཆེན་མོ་ལ་འཁྲབ་སྟོན་པ་བསྡུ་བའི་བརྡ་སྦྱོར།
2017.08.08 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 76
582d99d977dfaa9813de3a45762b5170.png

རྒྱ་ཆེ་བའི་ལྟ་མཁན་གྲོགས་པོ་ཚོ།ང་ཚོ་ཨ་མདོ་བརྙན་འཕྲིན་གྱིས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ཀྱི་རིག་གནས་དར་སྤེལ་དང་།དམངས་ཁྲོད་ཀྱི་སྒྱུ་རྩལ་སྔོག་འདོན།གླུ་དང་ཞབས་བྲོ།ཁ་ཤགས།བཞད་གར་སོགས་ཀྱི་སྒྱུ་རྩལ་འཇོན་ནུས་ངེས་ཅན་ལྡན་པའི་འཁྲབ་སྟོན་མི་སྣ་འཚོལ་སྡུད་བཅས་ཀྱི་བྱ་བ་སྔར་ལས་ལྷག་པར་སྒྲུབ་པ་དང་།ལོ་སར་སྐབས་ཀྱི་རིག་རྩལ་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པར་གཏོང་བ།ལྟ་མཁན་མང་ཚོགས་ཀྱི་རིག་རྩལ་འཚོ་བའི་ཐད་ལ་བཅངས་པའི་རེ་བ་དང་དགོས་མཁོ་ཡོངས་སུ་སྐོང་ཆེད།ད་ལོ་ནས་བཟུང་མིང་ལ་སེར་པོ་གསེར་གྱི་གར་སྟེགས་ཞེས་པའི་རང་གི་སྒྱུ་རྩལ་གྱི་འཇོན་ནུས་ཡོངས་སུ་མངོན་པར་བྱེད་པའི་གར་སྟེགས་ཆེན་མོ་གཅིག་དང་། ལེ་བར་ཁྲི་ཡི་ལམ་ནས་སྒྱུ་རྩལ་སྔོག་འདོན་བྱེད་པའི་སྒྱུ་རྩལ་ལམ་ཆེན་གཅིག་བཅས་མདོར་ན་སྟེགས་བུ་གཅིག་དང་ལམ་བུ་གཅིག་ལས་གྲུབ་པའི་རིག་རྩལ་གྱི་རྣམ་པ་གསར་བ་གསར་རྐྱང་ཞིག་གསར་གཏོད་བྱས་ཡོད་པས་སྤྱི་ཚོགས་ཡོངས་དང་ལྟ་མཁན་ཡོངས་ཀྱིས་འདི་ལ་གདེངས་འཇོག་དང་དོ་ཁུར་ཡོད་པར་ཞུ།དེང་འདིར་སྤྱི་ཟླ་བརྒྱད་པའི་ཟླ་དཀྱིལ་ནས་ངེད་ལས་ཁུངས་ཀྱི་འཁྲབ་ཁྲིད་པ་སོགས་མི་ཧྲག་རྟ་ཧྲག་ལས་གྲུབ་པའི་སྒྱུ་རྩལ་འཚོལ་ཞིབ་དཔུང་ཁག་ཅིག་ཆེད་དུ་མཚོ་སྔོན་དང་ཀན་སུའུ་ཟི་ཁྲོན་སོགས་ཀྱི་ས་ཁུལ་དང་ཡུལ་ཁམས་ཧ་ཅང་མང་བོ་ཞིག་ལ་སོང་ནས་སྒྱུ་རྩལ་སྔོག་འདོན་དང་འཁྲབ་སྟོན་པ་འཚོལ་སྡུད་བྱ་རྒྱུ་ཡིན་ལ།བརྙན་ཕབ་དཔུང་སྡེ་འདི་གར་སོང་ས་དང་གར་བསྡད་ས་ནས་ས་ཁུལ་དེའི་འཁྲབ་སྟོན་པ་ཧ་ཅང་མང་བོ་ཞིག་ལ་ཡུལ་དངོས་ནས་བརྙན་ལེན་དང་སྒྲ་ཕབ་བྱེད་པ་དང་།ལམ་ཐག་ཧྲིལ་བོ་ནས་ཕབ་སྐྲུན་བྱས་པའི་རྩེད་རིགས་ཆ་ཚང་ད་ལོའི་ལོ་སར་ཚེས་གཅིག་ཉིན་ནས་བཟུང་བརྙན་འཕྲིན་བརྒྱུད་ནས་གཏོང་རྒྱུ་ཡིན་པ་མ་ཟད།ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན་ནས་རྙེད་པའི་སྒྱུ་རྩལ་འཁྲབ་སྟོན་པ་སྐོར་ཞིག་སེར་པོ་གསེར་གྱི་གར་སྟེགས་ཞེས་པའི་གར་སྟེགས་གསར་བ་འདི་ལ་འབུད་པའི་གོ་སྐབས་ཀྱང་སྩོལ་རྒྱུ་ཡིན།

གྲོགས་པོ་ལགས།གལ་ཏེ་ཁྱེད་ནི་ས་འོག་ནས་ཡུན་རིང་ལུས་པའི་གསེར་དུམ་བུ་ཞིག་ཡིན་པའི་དབང་དུ་བཏང་ན།ང་ཚོས་ཁྱེད་རང་ཉི་ཟེར་འོག་ཏུ་བླངས་ནས་གདོད་མ་ནས་ཡོད་པའི་འོད་ཟེར་གངས་ཅན་ཡོངས་ལ་འཕྲོ་བའི་གོ་སྐབས་ངེས་ཅན་ཞིག་སྩོལ་ངེས་ཡིན།དེ་བས་ཁྱེད་ཀྱིས་སྤོབས་པ་ཆེན་པོས་ང་ཚོ་ལ་འབྲེལ་གཏུག་བྱོས་དང་། འདི་ནི་ང་ཚོས་རྡོག་པས་མནན་པའི་ལེ་བར་ཁྲི་ཡི་སྒྱུ་རྩལ་འཚོལ་ལམ་ཞིག་ཡིན་ལ། འདི་ནི་ཁྱེད་ཀྱི་མི་ཚེ་ཡི་རིན་ཐང་དང་སྒྱུ་རྩལ་གྱི་རྨི་ལམ་ཡོངས་སུ་འགྲུབ་པའི་འོད་ཟེར་སྟོང་ལྡན་གྱི་ལེ་བར་ཁྲི་ཡི་གསེར་ལམ་རིང་མོ་ཞིག་ཀྱང་ཡིན་པར་ངེས། 

གཅིག འཁྲབ་སྟོན་པ་ལ་ཕོ་མོ་རྒན་གཞོན་གྱི་དབྱེ་བ་མེད།འཁྲབ་སྟོན་པ་ལ་ཆེད་ལས་དང་ཞོར་ལས་ཀྱི་དབྱེ་བ་མེད།འཁྲབ་སྟོན་པ་ལ་རིག་གནས་ཡོན་ཏན་གྱི་ཁྱད་པར་མེད་པར།ཆབ་སྲིད་ཀྱི་རྒྱབ་ལྗོངས་ཧ་ཅང་གཙང་མ་ཡིན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ཁེ་དབང་ཡོད་པའི་སྤྱི་དམངས་སུ་ཡིན་ཀྱང་ཞུགས་ཆོག

གཉིས། སྒྱུ་རྩལ་གྱི་རྣམ་པ་ལ་དབྱེ་བ་དང་ཚད་བཀག་དེ་འདྲ་མེད་དེ། གླུ་དང་གླུ་དབྱངས། ཞབས་བྲོ། རྡུང་ལེན། བཞད་གར། ཁ་ཤགས་སོགས་བོད་སྐད་གཙང་མའི་ལམ་ནས་འཁྲབ་སྟོན་བྱས་པའི་སྒྱུ་རྩལ་གྱི་རྣམ་པ་ཅི་ཡིན་ཀྱང་མཁོ། 

གསུམ། ས་ཆ་སོ་སོའི་འཁྲབ་སྟོན་པའི་གྲངས་ཀ་ལ་ཚོད་འཛིན་ངེས་ཅན་ཡོད་པ་དང་། མིང་ཐོ་བཀོད་པའི་སྔ་གཞུག་ལྟར་དུ་འདེམ་གསེས་བྱེད་རྒྱུ་ཡིན་པས་སྒྱུ་རྩལ་ལ་སྤྲོ་བ་ཡོད་པའི་གྲོགས་པོ་ཚོས་ངེས་པར་དུ་དུས་ཚོད་དམ་འཛིན་བྱས་ནས་ང་ཚོའི་འཁྲབ་ཁྲིད་པ་ལ་འབྲེལ་གཏུག་བྱེད་རོགས། 

འབྲེལ་གཏུག་བྱ་ཡུལ། རྡོ་གྲགས།   ཁ་པར་ཨང་གྲངས། 15309787253