བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གཉིས་པ། བརྙན།
2019.06.03 ཁུངས། ཀློག་གྲངས། 4716

སྲིད་པའི་གཏམ་གྱི་ཆར་སྤྲིན་འཁྲིགས་པ་ལས།    

ཁྲོམ་ཆེན་ཟིལ་གནོན་སྨྲ་ལྕེའི་གློག་དམར་འཁྱུག།  

སྲོལ་རྒྱུན་རིག་གནས་སྲོག་གི་རྩ་བ་འདི།།             

འཛིན་སྐྱོང་སྤེལ་གསུམ་གཞོལ་ལ་མཉམ་དུ་བརྩོན།།

སྲིད་པའི་གངས་དང་གཙང་བོ་ལས་འཁྲུངས་བའི་བོད་ཀྱི་གཏམ་དཔེ་ཞེས་པ་ནི། ཁ་བ་ཅན་གྱི་ངག་རིག་སྒྱུ་རྩལ་གྱི་ཁྱབ་ཁོངས་ལས་བདེན་དགེ་མཛེས་གསུམ་གྱིས་རབ་ཏུ་ཕྱུག་པའི་དམངས་ཁྲོད་རིག་གནས་ཁྱད་མཚར་ཞིག་ཡིན་པར་མ་ཟད།   གྲལ་འཛིན་སྐྱེས་བུས་སྨྲ་བརྗོད་རྩལ་དུ་སྤྲུགས་པའི་གཏམ་གྱི་དང་རྩེ་དང་།   སྙན་དག་གསལ་གསུམ་གྱིས་མངོན་པར་བརྒྱན་པའི་སྐད་ཆའི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་ཀྱང་ཡིན།

དམངས་ཁྲོད་རིག་གནས་གཏེར་བུམ་གྱི་རྒྱན་དུ་འཕྱང་བའི་མེས་པོའི་རིག་གནས་འདི་ཉིད་སྔར་ལས་ལྷག་པས་གྲ་མ་ཆག་གྲུ་མི་ཉམས་པར་རྒྱུན་འཛིན་གོང་སྤེལ་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གུང་རྩེ་ཁོག་རྫོང་ཏང་ཨུ་དང་རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་།  མཚོ་སྔོན་ཞིང་ཆེན་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན།  མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་འགན་སྒྲུབ་བྱས་པའི་བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་གཉིས་པ་ད་ལོའི་སྤྱི་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་མཛེས་སྡུག་དཔལ་དུ་བཞད་པའི་རྩེ་གཞུང་རྩྭ་ཐང་ནས་བསྒྲུབ་རྒྱུ་རེད།

ཐེངས་འདིའི་འགྲན་ཞུགས་མི་སྣ་གདན་འདྲེན་གྱི་ཁྱབ་ཁོངས་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་བསྡོམས་པའི་ཁུལ་དྲུག་འདུ་ཞིང་། ཁུལ་སོ་སོ་ནས་འཐུས་ཚབ་གཏམ་བཤད་འགྲན་སྡུར་མི་སྣ་བཅུ་རེ་བདམས་ཏེ། བསྡོམས་པས་འགྲན་ཞུགས་མི་སྣ་དྲུག་ཅུ་ལྷག་བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་གཉིས་པའི་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན།  རྟིང་རྩོད་འགྲན་སྡུར་བཅས་ལ་ཞུགས་རྒྱུ་ཡིན་པས།  རྒྱ་ཆེའི་གཟིགས་མོ་བ་དང་གསན་མཁན་ཡོངས་ནས་སྔར་མུས་བཞིན་དོ་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།