ཤོག་ཁང(ལྷ་སྐོར)
2019.03.20 ཁུངས། ཀློག་གྲངས། 114

སྤྱིར་ཤོག་ཁང་ཆེན་མོ་འདིའི་བྱུང་སྟངས་ལ་བཤད་ཚུལ་མང་ན་ཡང་། ཉིན་མོར་རྩེ་བ་ལས་ཀླུ་རོལ་བྱུང་བ་དང་། མཚན་མོར་རྩེ་བ་ལས་ཤོག་ཁང་བྱུང་བར་གྲགས།

ཤོག་ཁང་འདི་དམངས་ཁྲོད་རང་བཞིན་གྱི་གཞོན་ནུ་ཕོ་མོའི་དགོང་ཚོགས་ཀྱི་ཆོ་ག་ཞིག་ཡིན་པར་མ་ཟད། མི་ཐོག་གི་ན་ཚ་དང་ཕྱུགས་ཐོག་གི་གོད་ཁ། སད་སེར་ཐན་སྐྱོན་སོགས་ཀྱི་གནོད་པ་དང་བཅས་པའི་བགེགས་བར་ཆད་མ་ལུས་པ་ཟློག་པར་བྱེད་པའི་བཅའ་བ་རིམ་གྲོ་ཞིག་ཀྱང་ཡིན་ཟེར། འདིར་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པར་མ་ཟད། གཞན་དང་ཐུན་མོང་མིན་པའི་མི་རིགས་རང་ཉིད་ཀྱི་བྱེད་སྒོ་གལ་ཆེན་ཞིག་དང་། རང་རེའི་ཕ་མེས་ཡང་མེས་ནས་བརྒྱུད་པའི་རིག་གནས་ཤུལ་བཞག་གི་ཡ་གྱལ་ཞིག་ཀྱང་ཡིན་སྟབས་སྨད་པ་སྡོང་སྐམ་རྫོང་ནང་ཚོ་བའི་ཤོག་ཁང་དང་ལྷ་བའི་སྐོར་རགས་རིམ་ཞུ་བ་ཡིན།

ཤོག་ཁང་དང་ཀླུ་རོལ་སྐབས་ཀྱི་ལྷ་འབབ་པའི་སྲོལ་འདི་ཡང་བོད་བཙན་པོའི་སྐབས་སུ་སློབ་དཔོན་པད་མས་བསམ་ཡས་གཙུག་ལག་ཁང་དུ་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་དབུས་སུ་མི་ལ་ལྷ་ཁོག་ཞུགས་ཀྱི་སྲོལ་བཏོད་པ་ནས་དར་བ་དང་། རེབ་གོང་ཡུལ་གྱི་ཤོག་ཁང་ལྷ་བ་བོད་སྐོར་སྡེ་བའི་ཡང་ཀྱཱ་ཚོ་བའི་ལྷ་བ་དེ་གཅིག་པུ་ཡིན། དེ་ཁོ་ན་ཡིན་པའི་རྒྱུ་མཚན་ནི་སྔོན་ཆད་ཡུལ་རེབ་གོང་གི་བོད་ལྷ་དང་རྒྱ་ལྷ་འདེམ་སྒྲུག་བྱེད་ཆེད། ཁྲོ་རིལ༼གཡེར་ཁ༽མང་པོ་བལ་ཐིག་ལ་བརྒྱུས་ཏེ་ཁྲོ་རིལ་རེ་རེའི་མཚམས་བལ་ཆུན་གྱིས་བཅད་པ་ཞིག་ཁང་བའི་གནམ་ལ་འཐེན་ནས་ལྷ་བ་གང་གིས་མཐུ་དང་གདམས་པས་ཁྲོ་རིལ་དེ་དག་རང་འཁྲོལ་རྒྱག་ཐུབ་མིན་འགྲན་པའི་ཚེ་བོད་སྐོར་ལྷ་བ་མ་གཏོགས་སུས་ཀྱང་རང་འཁྲོལ་རྒྱག་ཏུ་འཇུག་མ་ཐུབ་སྟབས། དེ་ནས་བཟུང་ལྷ་བ་དེ་ཉིད་རེབ་གོང་དགུ་ཉིན་སྲིབ་ཀྱི་ཤོག་ཁང་འཛིན་པའི་སྡེ་བ་ཐམས་ཅད་ཀྱི་ལྷ་བར་གྱུར་ཞེས་ངག་རྒྱུན་དུ་གྲགས།

དེ་ཡང་ཧོར་ཟླ་བཅུ་གཅིག་པའི་ཚེས་བཞིའི་ཉིན་གུང་ཙམ་ནས་བཟུང་ལྷ་བ་གཙོ་བྱས་ཏེ་ཚོ་བ་འདིའི་ལས་སྣ་རྣམས་ཀྱིས་གཙོ་སྐུ་ཡུལ་ལྷ་དང་། དེའི་གཡས་སུ་བཱ་ཙོང་། གཡོན་དུ་རྒྱལ་ཏང་ཡིན་པའི་ཐང་རྙིང་ཞིག་ཡོད་པ་དེ་གདན་དྲངས་ཏེ་ཤོག་ཁང་གནས་ཚང་གི་དཀྱིལ་གྲལ་དུ་བཤམས། ཁྱིམ་རེས་ཚོད་མ་བདུན་རེ་དང་རླངས་ཚོས་གོ་རེ་བདུན་རེ་རླངས་པ་ཐོལ་ལེར་ཁྱེར་འོངས་པ་མཆོད་མདུན་དུ་བསྒྲིགས། སྤོས་དང་གསེར་སྐྱེམས། མཆོད་འབྲུ་དང་མར་མེ་སོགས་རྒྱས་པར་བཤམས། ཁྲོ་རིལ་མང་པོ་བལ་ཐིག་རིང་པོ་ཞིག་ལ་བརྒྱུས་ནས་རེ་རེའི་མཚམས་སུ་བལ་ཆུན་གྱིས་བཅད་པ་ཞིག་ལྷ་མདུན་གྱི་གནམ་ནས་འཐེན། དེ་ནས་ཤོག་བུ་གཙགས་པ་དང་། ཤོག་ལྷེའི་སྟེང་རི་མོ་དཔར་བ། ཁིས་དར་ཆེ་ཆུང་དང་ཟློག་ཤོག་བཅས་ཚད་དུ་ལོངས་པ་བཟོས་ནས་ཁྱིམ་དེའི་ཁང་བའི་གྲུ་བཞིར་ཤོག་བྱང་སྣ་ཚོགས་སྦྱོར། ལྷ་མདུན་དུ་མཚན་ཐུབ་པའི་མཆོད་མེ་འཇོག

གནས་ཚང་གིས་ཆེད་དུ་བཟོས་པའི་རི་མོ་ཅན་གྱི་གོ་རེ་བསྲེགས་མ་དེའི་དཀྱིལ་ནས་བུ་ག་བཏོད་དེ་ཟར་ཚགས་ཤིག་གི་ནང་དུ་འཇོག་ལ། བལ་གཏེར་ཞིག་ལ་བལ་ཐིག་དཀར་པོས་དཀྲིས་ནས་ཐིག་སྣེ་དེ་ཟར་ཚགས་ཀྱི་ཞབས་ནས་གོ་རེའི་བུ་གར་དྲངས་ཏེ་བཞག་པ་འདོགས་ཐིག་ཡིན། ཟར་ཚགས་ཀྱི་མཐའ་སྐོར་དུ་ཤོག་བུ་འབྲུ་རིགས་ཀྱི་སྙེ་མ་ལྟར་དྲས་ནས། དེའི་ཐོག་ལ་ཤོག་དཔར་སྣ་ཚོགས་སྦྱར་བ་ཞིག་བཟོས་ནས་དཀྱིལ་གྲལ་གྱི་གནམ་ནས་མར་དཔྱངས་ཏེ་འོག་ཏུ་འཁྲབ་མ་ཞིག་འཇོག་པ་དེའི་མིང་ལ་ཤོག་ཁང་ཟེར་ལ། དེ་ནི་གནམ་ནས་འབྲུ་རིགས་ཀྱི་ཆར་འབབ་པའི་ལོ་ལེགས་ཀྱི་རྟེན་འབྲེལ་བསྒྲིགས་པ་ཞིག་ཡིན་པས། ཤོག་ཁང་གི་ཆོ་ག་ཀུན་ལས་གཙོ་བོའང་དེ་ཡིན་པར་བཤད།

དགུང་ཁའི་དུས་སུ་བསང་རྫས་ཕུན་སུམ་ཚོགས་པ་བསགས་ཏེ་བསང་མཆོད་རྒྱ་ཆེན་པོ་བྱས་ནས་ཡུལ་རེབ་གོང་གི་དགུ་ཆུའི་ཉིན་སྲིབ་ཏུ་གནས་པའི་ཡུལ་ལྷ་གཞི་བདག་ཐམས་ཅད་ཤོག་རྩེད་མོའི་གཟིགས་མོར་གདན་འདྲེན།

ཁང་ཁྱིམ་གྱི་གྲུ་བཞི་བོའི་མཆོད་མེ། དྲི་བཟང་གི་བདུག་སྤོས་སོགས་ལ་མེ་སྒྲོན། གསེར་སྐྱེམས་དང་གསོལ་ཇ་མཆོད་དེ་མདུན་ནས་བསུ་བའི་ཚུལ་བྱེད།

ས་རུབ་པ་དང་མཉམ་དུ་སྡེ་བ་སོ་སོ་ནས་ཤོག་ཁང་ལ་འོངས་པའི་མི་སྣ་མང་ལ། དེ་ཡང་ཕོ་གསར་རྣམས་ཀྱིས་རྩག་པ་སྡོག་གྱོན་བྱས། སྐེད་ལ་གྲི་རིང་གཟར། མགོ་ལ་ཚར་སུག་མ་བཅད་པ་གྱོན་ཏེ་ཁ་ནས་ཀི་འདེབས་པ་དང་ལུ་ལུ་རྒྱག་བཞིན་སྐོར་དང་སྐོར་བྱས་ནས་འོངས། ལྷ་གྲལ་འཛིན་པར་རྩོད་པ་ཆེ། ལྷ་གྲལ་དེ་མི་དཔུང་མང་པོ་ཞིག་གིས་འཛིན། དེའི་གཡས་སུ་ཕོ་གསར་ཚོ་དང་། གཡོན་དུ་མོ་གསར་རྣམས་འདུག ཇ་ཆང་སོགས་ལ་རོལ་བཞིན་གླུ་སྒོ་ཕྱེ་སྟེ་རིམ་བཞིན་ལ་གཞས་ཀྱི་ཤགས་བཀྱེད་ནས་རྩེད་མོ་བྱེད། ནམ་གུང་ལ་མ་ཐོན་ཙམ་ལ་བཀྲ་ཤིས་ཁ་གཡང་བཞག་སྟེ་ཚོགས་ས་སྤྱི་གྲོལ་བ་ཡིན།

ཤོག་ཁང་གི་མཚན་མོའི་བདེ་འཇགས་ཀྱི་འགན་གཙོ་བོ་ལྷ་བ་གཙོ་བྱས་ནས་ཚོ་བས་འཁུར་བ་ཞིག་ཡིན།

ཐོ་རངས་ཀྱི་དུས་སུ་ལྷ་མདུན་དུ་དཔྱངས་པའི་ཤོག་ཁང་དེ་བླངས་ནས་ལྷས་ན་བཙུགས་པའི་ཏོག་ཤིང་གི་རྩེར་སྐྱོན། སྐབས་དེར་ར་ཞིག་གི་དམར་མཆོད་བརྒྱབ་ནས་མཆོད་ཤའི་ཁོག་སྟོད་གསུར་ལ་འདྲེན་ཅིང་། ཚོ་བའི་སྐྱེས་པ་རྒན་གཞོན་རྣམས་ཀྱི་ལག་ཏུ་དཀར་ཡོལ་ཆང་གིས་བཀང་བ་རེ་བཟུང་ནས་དལ་གྱིས་ཇ་ལ་ཡ་ཧེ་ཇ། ཇ་ལ་ཡ་ཧེ་ཇ་ཞེས་དབྱངས་སུ་འགུག་ཞོར་ཏོག་ཤིང་གི་རྩེ་མོ་བསྐྱོན་པ་ཞིག་རེད། ཆང་འདི་ལ་ཐོ་རངས་ཆང་ཟེར། དམར་མཆོད་ཀྱི་སྐབས་སུ་ཟློག་ཤོག་གཉིས་ལ་ར་ཁྲག་མཆོད་དུ་བཅུག་སྟེ་ཟློག་ཤོག་གཅིག་ནངས་མོ་དེར་འཕེན་པ་ཡིན་ལ། གཅིག་བོད་ལོའི་ཚེས་ཉེར་དགུའི་དགོང་མོ་འཕེན་པ་ཡིན།

དེའི་འཕྲོར་ལྷ་བས་ཁྲོ་རིལ་ཕབ་པ་ལ།ཐོག་མར་ལྷ་བས་ལྷས་དཀྱིལ་དུ་གུས་ཉམས་དང་བཅས་ཞལ་ནས་འདོན་པ་གསུང་བཞིན་ཕྱག་རྒྱ་རེ་རེས་ཕྱོགས་བཞི་བོར་གསེར་སྐྱེམས་མཆོད་པ་དང་།མཆོད་ཤོག་མང་པོ་བསྲེགས་ཏེ་ཁང་བའི་གྲུ་བཞིའི་མཆོད་མེ་དང་། ལྷ་མདུན་གྱི་མཆོད་མེ་རྣམས་གཟིམས།    ཐབ་ཁང་གི་མེའང་བསད་ནས་མི་མངོན་པར་བྱས་ཤིང་།   བསང་ཁ་གསོས་ཏེ་ལྷ་ལ་གཏད་གཉེར་བྱས་ནས་ཡང་བསྐྱར་ལྷ་འབབ།     ལྷ་བས་ཞལ་ས་ལ་གཏད་དེ་གསུང་འབྱོན་ཞོར་རྐང་བས་ཐང་ལ་རེ་རེ་བརྒྱབ་ན་ལྷ་མདུན་དུ་འཐེན་པའི་ཁྲོ་རིལ་བལ་ཅན་ཁ་ཤས་སིལ་སིལ་དུ་གྲགས།  ཕྱོགས་སྡེབ་ཀྱིས་གྲག་པར་ལྷ་བས་བསྐུལ་ན་དེ་ལྟར་མཉམ་དུ་གྲག་ལ། ཤར་ཕྱོགས་ཀྱི་ཁྲོ་རིལ་རྟགས་ཅན་གྲག་པར་བསྐུལ་ཁྲོ་རིལ་གཅིག་ཁོ་ན་གྲག་པའི་ངོ་མཚར་པའི་རྩེད་མོ་ཡོད།   ཁྲོ་རིལ་ཕབ་ཚུལ་གྱི་རྩེད་མོའི་གསང་རྒྱ་འདི་རེབ་གོང་དུ་སྡེ་བ་འགའ་མ་གཏོགས་མེད།

ནམ་ལངས་ཁར་ཤོག་ཁང་དགོང་མོའི་གསུར་ཤ་དང་།    མཆོད་མེ། ཇ།   ཆང་།    སྤོས་སོགས་ཀྱིས་ལྷ་མདུན་ནས་རེ་རེ་བཞིན་ངོ་སྤྲོད་དགོས།    དེ་ཡང་བདེན་མིན་ཤིང་མོ་འཕངས་ནས་དབྱེ་འབྱེད་བྱེད། འདིའི་སྐབས་སུ་རྩེད་མོ་དགོད་བྲོ་བ་མང་དུ་ཡོད།

ནམ་ལངས་རྗེས་ལྷ་བས་ལྷ་གོང་ནས་ཏོག་ཤིང་གི་རྩེད་མོའི་ཤོག་ཁང་དེ་མར་ཕབ་རྗེས་ཕྱོགས་བཞི་བོའི་སྦྱར་ཤོག་དེ་དག་འདོན་པ་རེ་དང་ཕྱག་རྒྱ་རེས་མེ་ལ་བསྲེགས།          ཤོག་ཁང་དེའང་མེ་ལ་བསྲེགས་ནས་ལྷ་བའི་གསུང་དུ།            ཁྱོད་ཕྱི་སྡེ་བ་ཡིན་ན།    ནང་ཚོ་བ་ཡིན་ན།  ཁ་ནས་མི་འབོ།  ཞབས་ནས་མི་འཛར།    ཅི་བསམ་གྱི་དོན་འགྲུབ།    ཅི་འདོད་ཀྱི་རྩེ་གང་།     རྒན་པའི་ཚེ་ཐག་རིང་།        གཞོན་པའི་འདབ་ལག་རྒྱས།

དཔལ་དང་འབྱོར་བ་དར། རྩེད་མོ་དགའ་དགའ་དང་རྒྱས་རྒྱས་རྩེ་བ་འདིས་མི་དགའ་དང་ལྷ་དགའ་ཡིན་པ་སོགས་ཀྱི་བཀྲ་ཤིས་པའི་སྨོན་ཚིག་དང་བཅས་ཏེ་ལོ་གཅིག་གི་བཅའ་བ་རིམ་གྲོ་གང་ཡོད་གསུངས།     དེ་ནས་ཚོ་འདབས་ཀྱི་སུམ་མདོར་ཟློག་ཤོག་འཕངས་རྗེས་ལྷ་གོང་ལས་འབབ་པ་ཡིན་ལ།      ཤོག་ཁང་ཡང་མཇུག་རྫོགས་པ་ཡིན།

ལྷ་བ་འགྲོ་ཁར་ལྷ་མདུན་གྱི་སྡེར་སྐལ་ལས་ལྷ་བས་གོ་རེ་ཁོན་བཞག་རེའི་སྟེང་ཁིས་དར་ཆུང་ངུ་རེ་བཙུགས་ཏེ་ཚོ་བ་ཡོངས་ལ་སྟེར་ཞིང་།    དེ་འཕྲོས་ཀྱི་རླངས་བཙོས་གོ་རེ་དང་།  མཆོད་ཤའམ་གསུར་ཤའི་ཁོག་སྨད།     མཆོད་རའི་པགས་པ་སོགས་ཀྱིས་ལྷ་བ་རྫོངས་པ་ཡིན།

རེབ་གོང་གི་ཤོག་ཁང་ནི2008ལོའི་ཟླ4པར་རྨ་ལྷོའི་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྣམ་གྲངས་གྲས་སུ་ཚུད་པ་དང་། 2009ལོའི་ཟླ9པར་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་གཟུགས་མེད་ རིག་གནས་ཤུལ་བཞག་གི་རྣམ་གྲངས་གྲས་སུ་ཚུད་པའོ།།

ཡོང་ཁུངས། རྨ་ལྷོ་བོད་ཡིག་ཚགས་པར།རྩོམ་སྒྲིག་པ། སྙིང་བྱམས་ཚེ་རིང་། སྲས་མོ་སྒྲོལ་མ།