དཀར་མཛེས་ཁུལ་གྱི་རྟའུ་ཡི་དམངས་སྤྱོད་སྡོད་ཁང་།
2019.03.20 ཁུངས། ཀློག་གྲངས། 387


      མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་རྫོང་གི་དམངས་སྤྱོད་སྡོད་ཁང་ནི། རི་མོ་དང་རྐོ་བཟོ། བཟོ་སྐྲུན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུ་རྩལ་ཐོན་རྫས་ཤིག་ཡིན། དམངས་སྤྱོད་སྡོད་ཁང་དེར་རྡོ་དང།  ཤིང་། འདམ་པ་བཅས་འཛུགས་སྐྲུན་རྒྱུ་ཆ་གཙོ་བོར་བྱས་ཡོད་ལ། ཁང་བའི་གཙོ་གཟུགས་ནི་ཚགས་དམ་པའི་ཤིང་གི་སྒྲོམ་གཞི་ཡིན་པས། ཡོམ་འགོག་དང་བརླན་གཤེར་འགོག་པའི་ནུས་པ་མངོན་གསལ་ཡོད་པ་རེད།

     རྟའུ་ཡི་དམངས་སྤྱོད་སྡོད་ཁང་གི་ནང་ཁུལ་དུ་རྒྱ་ཆེ་ཤིང་འབུར་བརྐོས་དང་ཐུན་མིན་གྱི་བོད་བཟོའི་ཚོན་རིས་ལག་ཤེས་ཟུང་འབྲེལ་བྱས་པས། སྤྱི་ཡོངས་ཀྱི་ཕྱི་དབྱིབས་ཡིན་ནའང་འདྲ། ནང་ཁུལ་གྱི་གྲུབ་ཚུལ་ཡིན་ནའང་འདྲ། ཚང་མས་བོད་བཟོའི་ཉམས་འགྱུར་ཟབ་མོ་བསྟན་བཞིན་ཡོད་པ་རེད། ཞིབ་ཚགས་ཀྱི་རྒྱན་སྤྲས་དང་། བོད་བཟོའི་ཁྱིམ་ཆས་སྣ་ཚོགས་དབར་འོད་མདངས་ཕན་ཚུན་འཕྲོ་བཞིན་ཡོད། ཁང་པའི་ཆ་ཤས་བཟོ་དབྱིབས་དམིགས་བསལ་ཡོད་ལ། གོ་རིམ་གསལ་བས། འཛུགས་སྐྲུན་ཧྲིལ་པོ་ནི་ཚགས་དམ་ཞིང་གོ་རིམ་ལྡན་པ་དང་། གཙང་ཞིང་བབ་ཆགས་པ་ཞིག་ཡོད། རྟའུ་ཡི་དམངས་སྤྱོད་སྡོད་ཁང་གིས་ཕྱོགས་བསྡུས་ངང་ས་གནས་དེ་གའི་མི་རིགས་ཀྱི་རིག་གནས་དང་། ཡུལ་སྲོལ་གོམས་གཤིས་ཟབ་མོ་མངོན་བཞིན་ཡོད་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།