གནའ་དཔེའི་མཚན་ཉིད་དང་རིན་ཐང་། བྱུང་བ།
2019.03.20 ཁུངས། ཀློག་གྲངས། 42

       སྔོན་དུས་སུ་བྱུང་བའི་བོད་ཀྱི་རིག་གནས་སྟེ།   ཕྱུགས་ཟོག་གི་རུས་པ་དང་ཤིང་ཁྲམ།   རས་བྱང་དང་རྡོ་རིང་།   ཅོང་ཆེན་དང་ཤོག་བུ་སོགས་ཀྱི་སྟེང་དུ་ཕབ་པའི་འབྲི་རྫས་དཔེ་གཟུགས་སུ་བཅོས་པ་ལ་ཟེར།

མཚན་ཉིད།

བོད་ཡིག་གནའ་དཔེ་ནི་མི་དབང་སངས་རྒྱས་རྒྱ་མཚོས་བཻ་དཀར་གཡའ་སེལ་དུ་བཀའ་འདི་དག་འབྲི་བའི་གཞི་ནི་གྲོ་ག་ཤིང་ཤུན་རས་དང་ཤོག་བུ་སོགས་དཀར་པོའམ་ཚོས་མ་གང་ཡང་རུང་བ་ལ་གླེགས་བམ་མམ་ལེགས་སྦྱར་སྐད་དུ་པོ་སྟི་ཀ་ཞེས་གསུངས་པའི་དོན་དང་མཚུངས་པར་བོད་ཡིག་གི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་སོགས་བརྗོད་བྱར་བྱས་སྟེ་དུས་རབས་མི་འདྲ་བའི་ནང་དུ་བྱུང་བའི་འབྲི་རྫས་ཏེ།   སེམས་ཅན་གྱི་རུས་པ་དང་པགས་པ།   ཁྲམ་བྱང་དང་ཤིང་ཤུན།  རྡོ་རིང་དང་ཅོང་།   གོས་ཆེན་དང་ཤོག་བུ་སོགས་ཀྱི་སྟེང་དུ་བྲིས་ཤིང་།   དཔེ་གཟུགས་ལྟེབས་མགོ་མ་དང་ཤོག་དྲིལ།   སྣ་རིང་དང་ལྟེབས་འགྲིག་མ།  ལྟེབས་ཟུར་མ་སོགས་དུས་རབས་མི་འདྲ་བའི་ནང་བྱུང་བའི་དཔེ་གཟུགས་སུ་སྡེབས་ཡོད་པ་སྟེ་སྤྱི་ལོ1949ལོའི་ཡར་སྔོན་དུ་བྱུང་བའི་དཔེ་རྙིང་ལ་ཟེར། 

རིན་ཐང་།

གནའ་དཔེ་ལ་རིན་ཐང་གཞལ་དུ་མེད་ཀྱང་འདིར་བསྡུས་བརྗོད་ཙམ་བྱས་ན།  གནའ་དཔེ་ལ་རིན་ཐང་ཁག་གསུམ་ཡོད་པ་སྟེ།  རིག་དངོས་ཀྱི་རིན་ཐང་སྟེ་གཙོ་བོ་ལོ་རྒྱུས་རིང་ཐུང་གི་ཐད་ནས་བརྗོད་པ་དེ་དང་།  གཉིས་ནི་སྒྱུ་རྩལ་གྱི་རིན་ཐང་སྟེ་གནའ་དཔེའི་དཔེ་གཟུགས་དང་ཡིག་གཟུགས།  སྣག་ཤོག་དང་དབུ་ཤོག་ལྷ་སྐུ།   སྒྲིལ་ཆས་དང་ཞལ་ཁེབས་སོགས་ཀྱི་ཁྱད་ཆོས་ཐད་ནས་བརྗོད་ཀྱི་ཡོད།   གསུམ་ནས་གནའ་དཔེའི་དཔེ་རྒྱུན་ཤིན་ཏུ་དཀོན་པ་དང་པར་གཞི་མི་འདྲ་བའི་ཐད་ནས་ཞིབ་འཇུག་གི་རིན་ཐང་བཅས་གསུམ་ཚང་བ་ལ་གནའ་དཔེའི་ཐུན་མིན་གྱི་རིན་ཐང་ཞེས་བརྗོད་དོ།  །

གནའ་དཔེ་གྲགས་ཅན་བཀའ་རྒྱ་ལན་གསུམ་མ།

བྱུང་བ།

བོད་ལ་གནའ་དཔེ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་སྟེ།  བོད་བཙན་པོའི་དུས་ཀྱི་ཡིག་ཆ་བཅོས་ལྷད་མེད་པར་གྲགས་པ་རིགས་བཞི་སྟེ།  ཆོས་གཞུང་བྲིས་མ།  རྡོ་དང་བྲག་དང་ཅོང་དྲིལ་ལ་བརྐོས་པའི་ཡིག་གེཏུན་ཧོང་གི་གཏེར་ཡིགལི་ཡུལ་ཀྱི་ཁྲམ་བྱང་བཅས་ཡིན།  དེ་དག་གི་ཁྲོད་ནས་ཆོས་གཞུང་ནི་བོད་བོད་ཀྱི་རྒྱལ་རབས་ཉེར་བདུན་པ་སྟེ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་ལོ་ཙཱ་བ་ལི་ཐི་སི་དང་པཎ་ཆེན་བློ་སེམས་འཚོ་གཉིས་ཀྱིས་བསྣབས་ཕེབས་ཏེ་རིམ་བཞིན་བོད་ལ་དར་བ་ཞིག་ཡིན།

ཆོས་གཞུང་བྲིས་མ་ནི་གཙོ་བོ་་ཆོས་རྒྱལ་་རྣམས་ཀྱི་སྐུ་དུས་སུ་འབྲི་རྫས་སྣག་ཤོག་ལ་གཙིགས་ཆེན་གནང་སྟེ།  རང་རང་སོ་སོར་མཁོ་བའི་ཤེར་ཕྱིན་ཡུམ་རྒྱས་འབྲིང་བསྡུས་གསུམ་བཞུགས་གནང་པ་སྟེ།  ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྒྱས་པ་ཤོ་ལོ་ཀ་བྱེ་བ་ཕྲག་བརྒྱ་ཡོད་པ་དྲི་བྲའི་རྒྱལ་པོའི་ཐུགས་དམ་གྱི་རྟེན་དུ་བཞུགས་ཤིང་།  རྒྱས་པའི་འབྲིང་པོ་ཤོ་ལོ་ཀ་འབུམ་ཕྲག་བརྒྱ་ཡོད་པ་ནི་ལྷའི་དབང་བོ་རྒྱ་བྱིན་གྱི་ཐུགས་དམ་རྟེན་དུ་བཞུགས་པ།  རྒྱས་པའི་བསྡུས་པ་ཤོ་ལོ་ཀ་འབུམ་ཡོད་པ་ཀླུའི་རྒྱལ་པོའི་ཐུགས་དམ་གྱི་རྟེན་དུ་བཞུགས་པ་བཅས་ཡིན་པར་གྲགས།   དེང་སང་གི་ཡུམ་འབུམ་པ་ལ་ལེའུ་བཞི་ཡོད་པ་ནི་ཉི་ཁྲི་དང་ཁྲི་བརྒྱད་སྟོང་སོགས་ནས་ཁ་བསྐངས་པ་ཡིན།  ཤེར་ཕྱིན་བོད་དུ་སྤྱན་དྲངས་པ་ལས་མཁས་པ་འགས་སློབ་དཔོན་ཆེན་པོ་ཁ་ཆེ་བ་ཞེས་བྱ་བ་མི་བརྗེད་པའི་་གཟུངས་ཐོབ་པ་དེས་ཡུམ་འབུམ་པ་བློ་ལ་བཟུང་ནས།  གླེགས་ཤིང་གཉིས་ལྟོ་རྒྱབ་གཉིས་ལ་བཀལ་ནས་སྤྱན་འདྲེན་པར་བཞེད་མོད་ཀྱང་།  ཡོངས་གྲགས་སུ་བཙད་པོ་ཁྲི་སྲོང་ལྡེ་བཙན་སྐབས་རླངས་ཁམས་པ་གོ་ཆས་འབུམ་ཐུགས་ལ་བཟུང་ནས་བསྒྱུར་བས་རླངས་ཀྱི་འབུམ་འགྱུར་དུ་གྲགས་པ་ཡིན།

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཐེག་ཆེན་གྱི་ཆོས་ལ་གུས་དད་ཤིན་ཏུ་ཆེ་བས་ཉིད་ཀྱི་མཚལ་ཁྲག་དང་ར་དཀར་མོའི་འོ་མ་སྦྱར་ནས་བྲིས་པ་དུམ་བུ་བཞི་བྱུང་བ་ལ་རེག་ཟིག་དམར་པོར་གྲགས་པ་དང་།  སྔོན་ལྷ་ས་གོང་གི་ས་ཕག་མཆོད་རྟེན་གྱི་ནང་དུ་བཞུགས་པར་བཤད།  དེ་དང་མཚན་མཐུན་པ་མཁན་སློབ་ཆོས་གསུམ་གྱི་ཤངས་མཚལ་གྱིས་བཞེངས་པའི་འབུམ་དམར་སྤྲུལ་སྐུ་དྲི་མེད་ལྷུན་པོས་གཏེར་ནས་སྤྱན་དྲངས་པ་ཞིག་ཀོང་པོ་བུ་ཆུ་ན་བཞུགས་ཟེར།  སྦས་མ་ཉྫ་དང་ཉང་ཨནྡྲི་ཝ་རོ་གཉིས་སོགས་ཀྱིས་རྒྱ་གར་ནས་དཔེ་བླངས་ཏེ་བསྒྱུར་བའི་ཚེ།  ཡོ་བྱད་རྣམས་འབངས་ལ་ཁྲལ་བསྡུས་ནས་བསྒྱུར་བས་དཔྱ་འབུམ།  བཙན་པོའི་དབུ་སྐྲ་དང་རམས་བསྲེས་པའི་རེག་ཟེག་སྔོན་པོ་དུམ་པ་བཞི་པ་ལ་ལྕགས་ཐུར་བརྒྱུས་བས་ལྕགས་ཐུར་མ་ཡང་གྲགས་པ་སྔོན་བསམ་ཡས་སུ་བཞུགས་སྐད།  རེག་ཟིག་སྔོ་དམར་གཉིས་རྫུ་འཕྲུལ་གྱིས་ཡབ་ཡོབ་ཏུ་བསྒྱུར་་བས་དེའི་མིང་དུ་འདོགས་པར་གསུངས་པའང་འདུག་ཅིང་བླ་གྱུར་ཆུང་བར་ངོས་འཛིན་མཛད་པ་ཡིན།  དེ་གཉིས་ཟིན་བྲིས་ལྟ་བུ་སྡོམས་ཚིག་གི་ཚུལ་ལས་འགྲེལ་རྐང་ཐམས་ཅད་མི་རྒྱས་ཅིང་བསྡུས་དྲག་པར་བརྟེན་འཇིག་རྟེན་གྱི་མིག་གཅིག་པུར་གྱུར་བ་པ་གོར་བཻ་རོ་ཙ་ནས་རྒྱ་དཔེ་དང་བསྟུན་ཏེ་སླར་ཡང་ཞུ་ཆེན་མཛད་དེ་འགྲེས་རྐང་ཆད་པ་རྣམས་བསབས།  ཚིག་སྣ་བསྡུས་པ་རྣམས་བསྲིངས་ཏེ་བརྗོད་ཅིང་གོ་བདེ་བར་བྱས་ནས་བསྒྱུར་བ་དུམ་པོ་དྲུག་ཡོད་པ་གླེགས་ཤིང་པར་བཀབ་བཅོས་པས་པར་བཀས་ཅན་དང་།  གསུང་རབ་ཀྱི་ཁྲོད་དུ་ཕ་ཝང་གི་ཚང་བཅས་པས་ཕ་ཝང་ཅན་དུ་གྲགས་ཤིང་བླ་འགྱུར་འབྲིང་པོར་ངོས་འཛིན།

འབྲོམ་བཟའ་བྱང་ཆུབ་སྨན་གྱིས་རབ་བྱུང་རྣམས་ལ་བསྙེན་བཀུར་བའི་གདུགས་ཚོད་ཐོན་པའི་ཚེ་ཚར་རེ་སྒྲོག་པར་འགྱེད་བདེ་བའི་ཆེད་དུ་བམ་པོ་རེ་ལ་ཤོག་དྲིལ་རེ་བྱས་པ་འཇུག་སྣོད་ལ་བརྟེན་ནས་ཤ་སྒྲོ་ཅན་དུ་མིང་བཏགས་ཏེ་མཆིམས་ཕུ་ན་བཞུགས་པར་གསུངས།  འདི་དུས་ལོ་པཎ་རྣམས་ཀྱིས་འཕན་ཡུལ་གྱི་སྨད་ཀ་བ་ན་མོ་ཆེར་སྔ་འགྱུར་ཐམས་ཅད་ལ་སླར་ཡང་ཞུས་ཆེན་མཛད་དེ་འགྲེས་རྐང་ཐམས་ཅད་རྒྱས་ཤིང་གསལ་བར་བཅོས་པས་དུམ་བུ་བཅུ་དྲུག་ཅན་དུ་གྱུར་བ་འཇུག་སྣོད་ཤ་སྒྲོ་ཅན་དུ་ཡང་གྲགས་ཤིང་བླ་འགྱུར་ཆེན་མོར་ངོས་ཛིན་མཛད།

གཞན་ཡང་ཉང་དང་ལྕེ་ཁྱི་འབྲུག་འགོས་ཆོས་གྲུབ་སོགས་ལོ་ཙཱ་བ་ཁྱོན་བསྡོམས་དྲུག་གིས་བསྒྱུར་ཡོད་པར་གྲགས།  དེ་ཡང་སྔ་དུས་འབུམ་ནི་རྒྱལ་པོས་བཞེངས་པ་མ་གཏོགས་འབངས་ཀྱིས་བཞེངས་པར་མི་ནུས་པས།  ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱི་བླ་འབུམ་སྐྱ་བོ།  མངའ་བདག་སད་ན་ལེགས་མཇིང་ཡོན་གྱི་སྦུག་འབུམ།  ལྷ་སྲས་གཙང་མའི་བྱེ་འབུམ།  ཆོས་རྒྱལ་ཁྲི་རལ་པ་ཅན་གྱི་དྲུག་འབུམ།  ལྷ་གནམ་ལྡེའི་ལྷས་འབུམ་ཞལ་དམར་ཅན།  དར་མ་འུ་དུམ་བཙན་གྱི་འབུམ་ཤོག་སེར་མ་ཙམ་ལས་གཞན་མ་འཕེལ་བ་ན།  རྗེས་སུ་བློན་པོ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་བཞེངས་བའི་འབུམ་ཚར་བཅུ་དགུ་ཙམ་བྱུང་།  ཞེས་པ་ལས་འབུམ་རིགས་མི་འདྲ་བ་ཇི་ཙམ་ཞིག་བཞེངས་ཡོད་པ་གསལ་ལ་དེ་དང་དུས་མཚུངས་ལོ་པཎ་སྐུ་དྲིན་ཅན་རྣམས་ཀྱིས་རྒྱ་བལ་ལི་སོགས་ནས་གསུང་རབ་བོད་སྐད་དུ་བསྒྱུར་གནང་ཡོད།  དེ་དག་དཀར་ཆག་ཏུ་བཏབ་པ་སྟེ་དཀར་ཆག་འཕང་ཐང་མ་དང་།  མཆིམས་ཕུ་མ། ལྡན་དཀར་མ་སོགས་བྱུང་།

དེ་རྗེས་བསྟན་པ་ཕྱི་དར་གྱི་འགོ་ནས་བཟུང་ཁྱད་པར་ཡུམ་ཆེན་མོ་སྔོན་རྗེས་མ་གཏོགས་འབངས་ཀྱིས་བཞེངས་མི་ནུས་པ་ལས་ཕྱིས་སུ་འབངས་ཀྱིས་བཞེངས་པའི་ཤོ་ལོ་ཀ་ཆིག་འབུམ་སྟོང་ཡོད་པ་ཞིག་དང་།  རྔོག་ལོས་བལ་ཡུལ་ཕམ་ཐང་གི་གཙུག་ལག་ཁང་ནས་ཏིང་འཛིན་གསུམ་གསར་དུ་རྙེད་པ་སོགས་བམ་པོ་སུམ་བརྒྱ་དང་ལེའུ་དོན་གཉིས་བྱུང་བའི་རྔོག་འགྱུར་ལེགས་པར་གྲགས།

རྒྱ་ནག་འཇམ་ཀག་པཀྴིས་ཆ་རྐྱེན་བསྐུར་བ་ལ་བརྟེན་ནས་དབུས་པ་བློ་གསལ་སོགས་ཀྱིས་སྔོན་མཆིམས་ཀྱིས་བཞེངས་པའི་འདུལ་བ་ལུང་དང་མདོ་སྡེའི་སྐོར་ལ་བླ་མ་གྲུ་སྤང་རྩ་བའི་ཐུགས་དམ་མདོ་མང་འཛམ་གླིང་རྒྱན།  ཤོག་ཆུང་གི་གཙུག་ལག་ཁང་གི་མདོ་མང་དུམ་པ་དྲུག་ཅུ་རྩ་གཉིས་ཡོད་པ།  སྨོན་ད་དྷོ་ཞེས་གྲགས་པའི་མདོ་མང་།  འབྲང་མཚམས་ཕུག་ཆུང་མ་ཞེས་གྲགས་པའི་མདོ་མང་།  དགའ་འབར་མ་ཞེས་གྲགས་པའི་མདོ་མང་།  མངའ་བདག་མགོན་ནེའི་ཐུགས་དམ་མདོ་མང་མཐོང་སྨོན་འོན་ཀེ་རུར་བཞུགས་པ་དང་འདར་ཕྱར་གྱིས་བཞེངས་པའི་མདོ་མང་འདར་ཕྱར་མར་གྲགས་པ་གཙང་ཆུ་མིགལ་རིང་མོར་བཞུགས།  ཆོས་ཀྱི་རྒྱལ་པོ་འཕགས་པའི་ཐུགས་དམ་ལྷ་མིའི་རྒྱན་མཆོག  སྤུན་གསུམ་གྱི་གཙུག་ལག་ཁང་ན་བཞུགས་པའི་མདོ་མང་།  ཞྭ་ལུ་གསེར་ཁང་ན་བཞུགས་པའི་མདོ་མང་གཞི་མ།  དཔལ་སྣར་ཐང་ན་བཞུགས་པའི་་མདོ་མང་གསེར་གཞུང་མ་མཆིམས་ནམ་མཁའ་གྲགས་ཀྱི་ཐུགས་དམ་དང་།  ཕྱུག་གཞུང་མ་དང་དགོན་གསར་མ་དེ་རྣམས་ནི་མདོ་མང་གི་བྱུང་བ་རགས་རིམ་ཙམ་ཞིག་ཡིན།

སྔགས་ཀྱི་ཐད་ལ་བླ་མ་གྲུ་སྤང་རྩ་བའི་ཐུགས་དམ་རྒྱུད་འབུམ།  འོད་དཀར་སྤུན་གསུམ་གྱི་གཙུག་ལག་ཁང་ན་བཞུགས་པའི་རྒྱུད་འབུམ།  འདར་འཕྱར་གྱི་ཐུགས་དམ་རྒྱུད་འབུམ།  དགེ་བཤེས་སྐྱེ་མེད་སྟོན་པས་བཞེངས་པའི་རྒྱུད་འབུམ།  སྟག་ལུང་རྒྱུད་འབུམ།  དཔལ་ས་སྐྱའི་གདན་སར་བཞུགས་པའི་རྒྱད་འབུམ་སོགས་ནི་བོད་དུ་སྡེ་སྣོད་གསུམ་གྱི་ཁོངས་སུ་གཏོགས་པ་དེ་དག་ཇི་ལྟར་དར་བའི་སྐོར་སྔོན་གྱི་མཁས་པའི་གཞུང་ལ་ཁུངས་བཅོལ་ཏེ་འདིར་རགས་ཙམ་ཞིག་བཤད་ཁུལ་བགྱིས་པ་དེ་ཡིན།

དེ་རྗེས་དུས་རབས14པར་བྱོན་པའི་གསུང་རབ་སྨྲ་བ་བཅོམ་ལྡན་རིགས་པའི་རལ་གྲིའི་སྐུལ་སློང་གིས་ཁོང་གི་སློབ་མ་རྣམས་ཀྱིས་བོད་ཡུལ་གྱི་ས་ཆ་ཁག་ཏུ་མྱུལ་ནས་དེ་དག་ཏུ་བཞུགས་པའི་གསུང་རབ་ཁག་འཚོལ་བསྡུ་བགྱིས་ཏེ་གུང་བསྒྲིགས་ནས།  བཀའ་བསྟན་གྱི་དཀར་ཆག་ཉི་མའི་འོད་ཟེར་ཞེས་པ་དེ་མཛད་པ་དང་སྦྲགས་དཔལ་སྣར་ཐང་གི་བཀའ་འགྱུར་བཞེངས་པ་ལ་མ་དཔེ་བཅོལ་ནས་མཁས་པའི་དབང་བོ་བུ་སྟོན་གྱིས་ཆོས་འབྱུང་རིན་པོའི་མཛོད་ཞེས་པ་སོགས་མཛད་པ་ལས་བཀའ་བསྟན་དཀར་ཆག་དབྱར་གྱི་ཤ་མོ་རྡོལ་བ་ཇི་བཞིན་མང་དུ་བྱུང་།  མ་དཔེ་སྣར་ཐང་གི་བཀའ་འགྱུར་ལས་བུ་དཔེ་འགོས་ལོ་གཞོན་ནུ་དཔལ་གྱིས་ཞུ་དག་གནང་བའི་ཚལ་པའི་བཀའ་འགྱུར།  ལོ་ཆེན་ཐུགས་རྗེ་དཔལ་བས་ཞུ་དག་བགྱིས་པའི་རྒྱལ་རྩེ་ཐེམ་སྤངས་མ་སོགས་བྱུང་།  མ་དཔེ་རྒྱལ་རྩེ་ཐེམ་སྤངས་མར་བཅོལ་ཏེ་རྒྱལ་མཆོག་ལྔ་པོའི་ཆེན་པོ་དགོངས་རྫོགས་སུ་བཀའ་འགྱུར་བྲིས་མ་སྐྱ་བྲིས་དང་དངུལ་བྲིས་སོགས་བཀའ་བསྟན་མང་དུ་འཕེལ།  དུས་རབས13ནས་བོད་ཀྱི་མཁས་གནམ་གྱིས་ས་བཀབ་པ་ལྟ་བུར་བྱོན་པ་དེ་དག་གིས་རང་རང་ཕ་བླ་མ་དམ་པའི་གསུང་རབ་ལ་འགྲེལ་རྩོམ་གནང་བ་ལས་བོད་ལ་བྲིས་དང་དཔར་མའི་གསུང་རབ་བྲག་རི་བརྩིགས་བརྩིགས་འདྲ་བ་བྱུང་ཡོད་པ་བཅས་ནི་གསུང་རབ་ཀྱི་བྱུང་བ་ཉུང་ངུ་ལགས་སོ།  །

རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མན་ཇུ་མཚལ་པར་མ།

དབུ་ཤོག

དཀར་ཆག

མཛད་བྱང་།

ཡོངས་ཁུངས། བོད་ཡིག་དཔེ་རྙིང་ནས།