ཁ་ཊྭཱཾ་ག་བཤད་པ།
2019.03.20 ཁུངས། ཀློག་གྲངས། 913

ཁ་ཊྭཱཾ་ག་བཤད་པ།

དང་པོ་དབྱིབས་ནི། ཁ་ཊྭཱཾ་ག་ནི།ཡུ་བ་དཀར་པོའི་མར་སྣེར་རྡོ་རྗེ་རྩེ་ལྔ་བ་ཕྱེད་པའམ་རྩེ་གཅིག་པ་སྟེ་མར་སྣེའི་རྡོར་ཕྱེད་རྩ་ལྔ་བའི་རྭ་དབུས་མ་རིང་པོ་ཅན་དང་། ཡར་སྣེར་སྣ་ཚོགས་རྡོ་རྗེ་དང་དེའི་སྟེང་དུ་བདུད་རྩིའི་བུམ་པ་དང་། དེའི་སྟེང་དུ་མི་མགོ་རློན་པ་ནག་པོ་དང་། རྙིད་པ་དམར་པོ་དང་། སྐམ་པ་དཀར་པོ་སྟེ་ཐོད་སྐམ་དང་གསུམ་པོ་རིམ་པར་བརྩེགས་པ་དང་། དེའི་སྟེང་དུ་རྡོ་རྗེ་ཁ་ཊྭཱཾ་ག་ཡིན་ན་དེ་ལ་རྩེ་མོ་རྡོ་རྗེ་རྩེ་ལྔ་པ་ཅན་དང་། རྩེ་གསུམ་ཡིན་ན་དེའི་སྟེང་དུ་ལྕགས་ལས་བྱས་པའི་རྩེ་གསུམ་དབུས་མ་ཅུང་རིང་བ་ལ་གཡས་གཡོན་དུ་ཨ་ལོང་གསུམ་གསུམ་དྲུག་ཡོད་པ། བུམ་པའི་རྩ་བར་དྲིལ་གཡེར་དང་བ་དན་དང་། དར་དཔྱངས་སྣ་ཚོགས་པ་བཏགས་པ་དེ་ནི་ཁ་ཊྭཱཾ་གའི་དབྱིབས་སོ། །

གཉིས་པ་ཚད་ནི། མར་སྣེའི་རྡོར་ཕྱེད་ལ་སོར་ལྔ་དང་། བར་གྱི་དབྱུག་པ་ལ་ཁྲུ་གསུམ། སྣ་ཚོགས་རྡོ་རྗེ་ལ་སོར་གཉིས། བུམ་པ་ལ་སོར་བཞི། མི་མགོ་གསུམ་པོ་རེ་རེ་ལ་སོར་བཞི་བཞི་སྟེ་བཅུ་གཉིས། རྩེ་གསུམ་གྱི་དབུས་མ་ལ་མཐོ་གང་དང་གཡས་གཡོན་ཟུང་ལ་མཛུབ་གང་དགོས་ཤིང་། སྤྱིའི་རིང་ཚད་ལ་འདོམ་གང་ལྷག་དང་། ཐུང་ཚད་ལ་སོར་བཅུ་གཉིས་པར་གསུངས་པས་ཐུང་ཚད་ལ་བུམ་ཞལ་སོགས་ལ་རིག་པས་གཞལ་ཏེ་ཚད་གཏན་ལ་འབེབས་པར་བྱ་བ་ཡིན།

གསུམ་པ་དགོས་ཆེད་ནི། ཁ་ཊྭཱཾ་ག་དེ་ཤེས་རབ་ཡུམ་གྱི་ཚུལ་དུ་ལུལ་ས་བསྟེན་པས་ཐབས་ཤེས་ཀྱི་དོན་དང་བདེ་ཆེན་ལྷན་ཅིག་སྐྱེས་པའི་དོན་མི་བརྗེད་པར་དྲན་པ་དང་། རྣལ་འབྱོར་བའི་སྐུ་ལ་གཟི་བྱིན་བསྐྱེད་པ་དང་། སྔགས་ཀྱི་དམ་ཚིག་ཚང་བ་དང་། མཁའ་འགྲོ་དབང་དུ་འདུ་བ་དང་། འཇིགས་མེད་ཧེ་རུ་ཀའི་རྣལ་འབྱོར་དུ་གོ་བར་ནུས་པ་དེ་ནི་དགོས་པའོ། །

བཞི་བ་མཚོན་དོན་ནམ་དག་པ་ལ་ནི། དབྱིབས་ཀྱི་དག་པ་དང་།  ཚད་ཀྱི་དག་པ་གཉིས་ལས།

དང་པོ་ནི། རྡོ་རྗེ་ཁ་ཊྭཱཾ་གའི་རྩེ་མོའི་རྡོ་རྗེ་རྩེ་ལྔ་ནི་ལམ་དུས་སུ་མ་དག་པའི་ཕུང་ལྔ་སྦྱངས་ནས་འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ་དང་རིགས་ལྔ་བསྒྲུབ་པར་བྱེད་པ་དང་འབྲས་བུ་སྐུ་ལྔ་དང་རིགས་ལྔ་བསྒྲུབ་པར་བྱེད་པ་དང་འབྲས་དུས་སུ་དེ་དག་གྲུབ་པ་མཚོན་བྱེད་དང་།  འོག་རྭ་ཐོད་སྐམ་གྱི་སྟེང་དུ་ཟུག་པ་ལྔ་ནི་སྦྱང་བྱ་ཁམས་གསུམ་གྱི་ཕུང་ལྔ་དང་།  སྟེང་རྭ་ལྔ་སྦྱངས་ས་འབྲས་ཡེ་ཤེས་ལྔ་དང་།  མར་སྣེའི་རྡོ་རྗེ་རྩེ་ལྔ་དེ་བྱང་ཆུབ་ཀྱི་སེམས་དང་།  དབྱུག་པའམ་ཡུ་བ་དེ་དངོས་སུ་མིའི་སྒལ་ཚིགས་ཀྱི་བྱ་དགོས་ཤིང་དེ་ཆོས་ཐམས་ཅད་བདག་མེད་པ་དང་། སྣ་ཚོགས་རྡོ་རྗེ་ནི་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུ་ལས་སམ་ལམ་ལས་བྱུང་བའི་འབྲས་བུ་སྐུ་གསུམ་གྱི་སྤྲུལ་སྐུ་དང་།   དེར་དྲིལ་བུ་དང་བ་དན་དང་དར་དཔྱངས་སྣ་ཚོགས་པས་བརྒྱན་པ་དེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པའི་འཕྲིན་ལས་དང་། བདུད་རྩིས་གཏམས་པའི་བུམ་པ་དེ་ལོངས་སྐུ་དང་།   ཐོད་པ་སུམ་བརྩེགས་དེ་ཆོས་སྐུ་དང་རྣམ་ཐར་སྒོ་གསུམ་གྱི་མཚོན་བྱེད་ཡིན་པས་དེ་དང་དེའི་དག་པ་དྲན་པར་བྱ་དགོས་སོ།།

གཉིས་པ་ཚད་ཀྱི་དག་པ་ནི།     སྣེ་རྡོར་ལ་སོར་ལྔ་ཡོད་པ་དེ་གཉེན་པོ་ཡེ་ཤེས་ལྔ་འདྲེན་པ་དང་།    བསྐྱེད་རིམ་གྱི་སྦྱང་བྱ་རྐང་པའི་སོར་མོ་ལྔ་དང་།     ཡུ་བ་སོར་ཉེར་བཞི་དེ་ནང་གི་དབང་པོ་ཉི་ཤུ་རྩ་གཉིས་དང་ཆོས་ཅན་དང་ཆོས་ཉིད་གཉིས་བསྣན་པ་ཉེར་བཞི་དང་། ཁྲུ་གསུམ་བྱས་ཚེ་རྣམ་ཐར་སྒོ་གསུམ་དང་།  མགྲིན་པ་ནས་རྐང་པའི་ལོང་བུ་བར་གྱི་མཚོན་བྱེད་དང་།  དྲིལ་བུ་དང་བ་དན་ལག་པ་གཉིས་མཚོན་བྱེད་དང་།   སྣ་ཚོགས་རྡོ་རྗེའི་སོར་གཉིས་པོ་སྤྲུལ་སྐུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་མཛད་པ་དང་།   བུམ་པ་སོར་བཞི་ལོངས་སྐུས་དགའ་བཞི་ལོངས་སུ་སྤྱོད་པ་དང་།  སོར་དྲུག་པོ་ཐུན་མོང་དུ་མགྲིན་པའི་གནས་དང་། མགོ་བོ་དང་པོའི་སོར་གསུམ་པོ་མགོ་བོ་དང་རྣམ་ཐར་སྒོ་གསུམ་གྱི་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་།   དེ་མན་གྱི་ཚད་སྤྱི་འདོད་ཁམས་མཚོན་བྱེད་དང་།  སོར་བཅུ་གཉིས་པོ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་།   མགོ་བར་བའི་ཚད་དེ་གཟུགས་ཁམས་དང་།   རྒྱུ་མཚན་མ་མེད་པ་དང་།  མགོ་བོ་སྟེང་མའི་ཚད་དེ་གཟུགས་མེད་ཀྱི་ཁམས་དང་།   འབྲས་བུ་སྨོན་པ་མེད་པ་མཚོན་བྱེད་དང་།   རྩེ་གསུམ་པོ་དུག་གསུམ་རྩད་ནས་གཅོད་བྱེད་ཀྱི་གཉེན་པོའི་ཡེ་ཤེས་དང་། འབྲས་བུ་སྐུ་གསུམ་དང་གཞི་ལས་འབྲས་གསུམ་མཚོན་བྱེད་ཡིན་པར་གསུངས་སོ།།

དེ་ཡང་སྤྱིར་བཏང་བརྟག་གཉིས་ལས།    ཁ་ཊྭཱཾ་ག་བསྒོམ་ཤེས་རབ་ཉིད།།

ཅེས་ཁ་ཊྭཱཾ་ག་དེ་ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་དང་།    ཁྱད་པར་དུ་དབང་གསུམ་པ་ཤེར་དབང་གི་ཡེ་ཤེས་ཀྱི་ཉེ་རྒྱུ་ཤེས་རབ་ཡུམ་གྱི་ངོ་བོ་མཚོན་བྱེད་དུ་གསུངས་པ་དང་།   རྣལ་འབྱོར་མ་ཀུན་སྤྱོད་ལས།།  ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ།  ཞེས་གསུངས་པ་ལྟར་རྒྱུད་འགའ་རེར་ཐབས་བདེ་བ་ཆེན་པོ་སྣང་ལྷའི་སྐུ་མཚོན་བྱེད་དུ་གསུངས་སོ།།

<<སྔགས་ཆས་ཀྱི་རྣམ་བཤད།>>རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས་བརྩམས།