མར་མེ་བརྗོད་པ།
2019.03.20 ཁུངས། ཀློག་གྲངས། 106


མར་མེའི་སྣོད།རྒྱུ་གསེར་དངུལ་ཟངས་ལྕགས་ཁམ་པ་སོགས་ཀྱིས་བཟོས་པའི་སྨད་དྲིལ་བུའི་ཕོ་བྲང་འདྲ་བའི་སྟེང་དུ་བུམ་པའི་དབྱིབས་དང་དེའི་སྟེང་དུ་བུམ་པའི་དབྱིབས་དང་དེའི་སྟེང་དུ་མར་ཁུའི་སྣོད་ཁ་ཁྱེར་ཕྱིར་གཡེར་བ་དང་། ནང་དུ་སྡོང་བུའི་རྟིང་བ་འཛུགས་གནས་ཀྱི་བུག་པ་ཡོད་པ་ཞིག་བཟོ་སྲོལ་འདུག་གོ ། ཚད་ལ་ངེས་པ་མེད་པ་ཆེ་ཆུང་ཀུན་དང་རི་མོ་དང་དབྱིབས་ཀྱང་སྣ་ཚོགས་པ་ཡོད་པ་ཡིན་ནོ། །

སྡོང་བུ་ནི་ཤིང་བལ་དང་། རས་གསར་བ་དང་། གསོ་རས་དང་། དུ་གུ་ལའི་རས་ལ་སོགས་ཀྱིས་བྱ་རུང་བ་ཡིན།

སྡོང་སྙིང་ལ་ཤིང་དགོས་པར་དེ་ལས་མ་བཤད་མོད་ཕྱག་ལེན་ལ་ཨ་གར་དང་། ཙནྡན་དང་། ཤུག་པ་དང་། མྱ་ངན་མེད་པའི་ཤིང་སོགས་དྲི་བཟང་པོའི་ཤིང་ལ་རྩེ་རྣོ་ལ་རྩ་བ་བུ་ག་དང་འཚམ་པར་ཕྲ་མོར་བཞོག་ནས་རས་བལ་གྱིས་རྩེ་རྣོ་བ་མེ་ལེན་སླ་བ་ཡ་ཡོ་དང་ཀྱག་ཀྱོག་མེད་པར་སྙོམས་པོར་ཧ་ཅང་དམ་པ་དང་ལྷོད་པ་མ་ཡིན་པར་རན་ཙམ་དྲིལ་དགོས་པ་ཡིན་ནོ། །

དེ་ཡང་ལས་ཀྱི་བྱེ་བྲག་གིས་ཞི་བ་ལ་རས་བལ་དཀར་པོས་དཀྲིས་པའི་སྡོང་བུ་དང་། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ་དང་། དྲག་པོ་ལ་སྔོན་པོའམ་ནག་པོ་བྱ་བར་གསུངས།

མར་ཡང་ཞི་བ་ལ་འབྲུ་མར་དང་། བ་འབྲིའི་འོ་མར་དང་། ཤིང་དྲི་ཞིམ་ཅན་ལས་བྱུང་བའི་མར་དང་། རྒྱས་པ་ལ་ཏིལ་མར་དང་། སྨན་ལས་བྱུང་བའི་མར་དང་། རིག་སྔགས་ཀྱི་ལས་ལ་ཟར་མའི་མར་དང་། གསང་སྔགས་ཀྱི་ལས་ལ་སྲན་མ་སོགས་འབྲས་བུ་ལས་བྱུང་བའི་མར་དང་། དྲག་པོ་ལ་ཡུངས་མར་དང་དྲི་མི་ཞིམ་པའི་མར་སོགས་དགོས་པ་ཡིན།

<<སྔགས་ཆས་ཀྱི་རྣམ་བཤད།>>རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས་བརྩམས།