དཔེ་དེབ་ཁྲི་སྟོང་བཀླགས་གྱུར་ན། སྨྱུག་རྩལ་ལྷ་ཡིས་ཁ་ལོ་བསྒྱུར།
2020.04.22 ཁུངས། ཀློག་གྲངས། 5486

གཅིག དམིགས་ཡུལ།

ལོ་རེའི་ཟླ4པའི་ཚེས23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་པ་དང་དེའི་མིང་ཆ་ཚང་ལ་འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོ་ཟེར། 1995ལོར་ལོ་རེའི་ཟླ4པའི་ཚེས23ཉིན་དཔེ་ཀློག་དང་པར་དབང་ཉིན་མོར་གཏན་འཁེལ་བྱས་པ་དང་དེའི་དམིགས་ཡུལ་ནི་སྐྱེ་བོ་མང་བོས་དཔེ་ཀློག་དང་རྩོམ་འབྲི་བྱ་རྒྱུར་སྐུལ་མ་གཏོང་བའི་ཆེད་དུ་རེད། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་སྐྱེ་བོ་རྒན་རྒོན་དང་གཞོན་ནུ། དབུལ་པོ། ཕྱུག་པོ། ནད་པ་དང་འཐེང་པོ་གང་ཞིག་ཡིན་རུང་། ཚང་མས་དཔེ་ཀློག་གི་སྤྲོ་སྣང་ཉམས་སུ་མྱོང་བ་དང་། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ལེགས་སྐྱེས་ཆེན་པོ་འབུལ་མཁན་རྩོམ་རིག་མཁས་ཅན་དང་། རིག་གནས་མཁས་ཅན། ཚན་རིག་མཁས་ཅན། བསམ་བློ་མཁས་ཅན་བཅས་ལ་བརྩི་འཇོག་དང་ཐུགས་རྗེ་ཆེ་ཞུ་ཆེད། ལོ་རེར་ཉིན་མོ་དེར་འཛམ་གླིང་གི་རྒྱལ་ཁབ་བརྒྱ་ལྷག་ཙམ་གྱིས་རྟེན་འབྲེལ་ཞུ་བ་སྦྲགས་དཔེ་ཀློག་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

གཉིས། བྱུང་འཕེལ།

འཛམ་གླིང་དཔེ་ཀློག་ཉིན་མོ་འཛུགས་པའི་གྲོས་འགོ་ནི་སི་ཕེན་གྱིས་བཏོན་པ་དང་། སི་ཕེན་ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་གྱི“དཔའ་བརྟུལ་ཆའོ་ཀྲེའི་དུས་ཆེན”ལས་བྱུང་བ་ཞིག་རེད། གཞན་ཡང་། དཔེ་མཛོད་ཁང་གི་དུས་དེབ་ལ་གཞིགས་ན། འཛམ་གླིང་དཔེ་ཀློག་ཉིན་མོ་ནི་སི་ཕེན་གྱི་ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་གྱི་གཏམ་རྒྱུད་ཅིག་ལས་བྱུང་བ་སྟེ། རི་ཁྲོད་དུ་ཡིད་འོང་སྲས་མོར་ཁྱུང་འབྲུག་གིས་གནོད་འཚེ་གཏོང་རྩིས་བྱེད་སྐབས། དཔའ་བརྟུལ་ཆའོ་ཀྲེས་ཚེ་སྲོག་ལ་མ་འཛེམས་པར་ཁྱུང་འབྲུག་དང་འཛིངས་ནས་སྲས་མོའི་ཚེ་སྲོག་བསྐྱབས། སྲས་མོ་སྲོག་ཉེན་ལས་ཐར་རྗེས། ཆའོ་ཀྲེ་ལ་དྲིན་ལན་འཇལ་བའི་ཚུལ་དུ་ལག་རྟགས་ལ་དཔེ་དེབ་ཞིག་སྤྲད་པ་རེད། དུས་དེ་ནས་བཟུང་དཔེ་དེབ་དེ་ཉིད་བློ་རྒྱ་དང་སྟོབས་ཤུགས་ཀྱི་མཚོན་བྱེད་དུ་གྱུར་ལ། ཟླ4པའི་ཚེས23ཉིན་ཡང“དཔའ་བརྟུལ་ཆའོ་ཀྲེའི་དུས་ཆེན”དུ་གྱུར། དུས་ཆེན་སྐབས་སུ་ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་གྱི་གྲོང་མིས་ཤ་ཉེ་སྤུན་མཆེད་ལ་རྒྱ་སེ་མེ་ཏོག་དང་དཔེ་དེབ་སྤྲོད་པའི་གོམས་སྲོལ་ཡོད་པ་རེད།

གསུམ། བྱ་འགུལ།

དཔྱད་གཞིའི་ཡིག་རིགས་ལས་མངོན་པར་གཞིགས་ན། “འཛམ་གླིང་དཔེ་ཀློག་ཉིན་མོ”ཁྱབ་བསྒྲགས་བྱས་ཚུན། རྒྱལ་ཁབ་དང་ས་ཁུལ100ལྷག་ཙམ་བྱེད་སྒོ་དེར་ཞུགས་ཡོད། རྒྱལ་ཁབ་མང་པོ་ཞིག་གིས་ཉིན་དེའམ་ཡང་ན་སྔ་རྗེས་ཀྱི་གཟའ་འཁོར་གཅིག་དང་ཟླ་བ་གཅིག་ནང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྣ་ཚོགས་སྤེལ་གྱིན་ཡོད། དེའང་དཔེ་མཛོད་ཁང་དང་། སྨྱན་སྦྱོར། དཔེ་སྐྲུན་ཁང་། སློབ་གྲྭ་སོགས་ཀྱི་ལས་ཁུངས་དང་ཚོགས་པས་དུས་ཚོད་དེའི་སྐབས་སུ་དཔེ་དེབ་ཞལ་འདེབས་འབུལ་བ་དང་མི་རྣམས་ཀྱིས་དཔེ་དེབ་ཀློག་རྒྱུར་སྐུལ་ལྕག་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

བཞི། དོན་སྙིང་།

དཔེ་ཀློག་གིས་མི་བུ་ཞིག་འཚར་ལོངས་ཡོང་བར་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་དཔེ་དེབ་ཡག་པོ་ཞིག་གིས་སྐྱེ་བོ་ཞིག་གི་མི་ཚེའི་ལམ་བུར་ཁ་ལོའང་སྒྱུར་ཐུབ་པས། མིའི་ཤེས་རྒྱ་ཆེ་རུ་འགྲོ་བར་དཔེ་ཀློག་ནི་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། མི་རིགས་ཤིག་གི་བསམ་བློའི་གནས་ཚད་མཐོ་མིན་དེ་ཚད་ངེས་ཅན་ཞིག་གི་སྟེང་ནས་བརྗོད་ན། མི་རིགས་དེས་དཔེ་ཀློག་གི་མང་ཉུང་ལ་རག་ལས་ཡོད་པ་རེད།

དཔེ་ཀློག་དང་འབྲེལ་བའི་གཏམ་རྒྱུད།

འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དགུང་ལོ་བཅུ་དགུ་པ་ལ་བབ་པ་ན་མདོ་ཁམས་ཕྱོགས་སུ་འགྲོ་བའི་ཚོང་པ་དང་འགྲོགས་ཏེ་མདོ་ཁམས་ལྡན་མའི་ཡུལ་དུ་བྱོན་ནས་བླ་མ་སེ་བཙུན་པར་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ། བླ་མ་སེ་བཙུན་གྱི་ནང་གི་ཞབས་ཏོག་ཕྱེ་འཐག་པ་ཡན་ཆོད་དང༌། ཕྱི་རོལ་ཏུ་རྟ་ཕྱུགས་མང་པོ་ཡོད་པས་ཉིན་པར་དེ་རྣམས་ཀྱི་རྫི་བོ་མཛད། ནུབ་མོ་རྟ་བཟང་ལ་ཞོན་འཁོར་གསུམ་ཚེར་མ་འདྲ་བ་བྱས་ཏེ་མེལ་ཚེ་མཛད། ཕྱེ་འཐག་པ་ན་དཔེ་ཆ་རང་ཐག་གི་སྟེང་དུ་བཞག་སྟེ་གཟིགས་པ་ལ་སོགས་པའི་སློབ་གཉེར་ལ་བརྩོན་པར་མཛད། ཕྱེ་བཏགས་པས་ཕྱག་མཐིལ་གླང་རྒན་གྱི་མཇིང་པ་ལྟར་སོང༌། དེ་བཞིན་ཉིན་རྒྱུན་ཕྱག་གིས་རྩམ་པ་འཐག་པ་དང་ཞབས་ཀྱིས་ཀོ་བ་མཉེད་པ། རྒྱབ་ལ་འོ་མ་དཀྲོག་པ། སྤྱན་གྱིས་དཔེ་ཆར་གཟིགས་པ་སོགས་བསམ་ཡུལ་ལས་འདས་པའི་སློབ་སྦྱོང་ལ་བརྩོན་འགྲུས་དང་བླ་མའི་ཞབས་ཏོག་གནང་བས། ཕྱིས་སུ་བོད་ཁམས་སུ་སྙན་པའི་གྲགས་པའི་ཆེས་ཆེར་རྒྱས་པའི་མཁས་ཆེན་ཞིག་ཏུ་གྱུར།


ཐེངས་ཤིག་ལ་ལུའུ་ཞུན་གྱི་རྒྱུགས་འབྲས་ཧ་ཅང་ལེགས་པས།  སློབ་གྲྭས་གསེར་གྱི་རྟགས་མ་ཞིག་གནང་། ལུའུ་ཞུན་གྱིས་དེ་མ་ཐག་གསེར་གྱི་རྟགས་མ་བཙོང་ནས་དཔེ་ཆ་འགའ་དང་སུར་པན་ཁ་ཚ་མ་འགའ་ཉོས།  གྲང་ངར་ཆེ་བའི་མཚན་གཞུང་རེ་རེར་ཁོས་སུར་པན་ཁ་ཚ་མ་རེ་ཁ་ནང་ལ་བཞག་སྟེ་ལྡད་ནས་ལུས་པོ་ཚ་ལམ་ལམ་དུ་གྱུར་རྗེས་མུ་མཐུད་དུ་དཔེ་ཀློག་བྱས། དེ་ལྟར་དཀའ་སྡུག་གིས་དཔེ་ཀློག་བྱས་པས་མཐར་རང་རྒྱལ་གྱི་མིང་དུ་གྲགས་པའི་རྩོམ་པ་པོ་རུ་གྱུར།

སྐུ་ཞབས་ཁྲིན་ཡུས་ཆུང་ངུའི་དུས་སུ་དཔེ་ཀློག་ལ་ཧ་ཅང་མོས་མཁན་ཞིག་ཡིན།ཐེངས་ཤིག་ཁོ་རང་གཉེན་ཉེ་ཚང་ལ་མགྲོན་དུ་སོང་བ་ན།  རང་ཉིད་དགའ་སའི་དཔེ་དེབ་ཅིག་ཡོད་པ་མཐོང་བས་དེ་མ་ཐག་དཔེ་ཆ་ཀློག་ཞོར་ཟིན་བྲིས་འདེབ་མགོ་བརྩམས། ཁྱིམ་བདག་མས་ཁོའི་མདུན་ལ་གོར་སོབ་སྡེར་མ་གང་བཞག་པ་དང།   ཅུང་ཙམ་ནས་སླར་ཡང་ཐུག་པ་དཀར་ཡོལ་གང་ཁྱེར་ཡོང་དུས།  ཁྲིན་ཡུས་ཀྱི་ཁ་སྣག་ཚས་སྦག་ཡོད་པ་མཐོང་བས་ཚང་མ་གད་མོ་ཤོར།   དེ་རྗེས་ཁྲིན་ཡུས་ཀྱིས་སྣག་ཚ་ཅུང་ཙམ་ཟོས་ན་ག་ལ་སྐྱོན།  ངའི་ཁོག་པའི་ནང་ན་སྣག་ཚ་ཉུང་འདུག་ཅེས་བཤད།

ཀོར་ཅིས་ནི་དཔེ་དེབ་ལ་གཞན་དང་མི་མཚུངས་པའི་བརྩེ་བ་ཡོད་མཁན་ཞིག་ཡིན།   ཉིན་ཞིག་ཁོའི་ཁང་བར་མེ་སྐྱོན་ཤོར་བ་ན། ཁོས་དཔེ་དེབ་ཐེག་ཚད་ཅིག་ཁུར་ནས་སྒོའི་ཕྱིར་བྲོས།  རྗེས་སུ་མི་རྣམས་ཀྱིས་ཁོར་ཅིའི་ཕྱིར་དངོས་བོ་གཞན་དག་མི་སྐྱོབ་པར་དཔེ་ཆ་འཁྱེར་ཡོང་བ་ཡིན་ཞེས་དྲིས་པར།  ཁོས་དཔེ་དེབ་ཀྱིས་བདག་གི་བློ་སྒོ་ཕྱེས་པར་མ་ཟད།  དཔེ་དེབ་ཀྱིས་ང་རང་རྨོངས་བའི་འདམ་རྫིང་ལས་བསྐྱབས་པ་རེད།  གལ་ཏེ་དཔེ་དེབ་མེད་པ་ཡིན་ན་ང་རང་རྨོངས་པའི་འདམ་རྫིང་ལས་ཤི་ཚར་ཡོད།  དེ་བས་ངས་ཐོག་མར་དཔེ་དེབ་སྐྱོབ་དགོས་ཞེས་བཤད།

ཧན་རྒྱལ་རབས་ཀྱི་སྐབས་སུ་མིང་ལ་སུང་ཅིན་ཟེར་བའི་མི་ཞིག་ཡོད་པར་དཔེ་ཀློག་ལ་ཧ་ཅང་དགའ་མཁན་ཞིག་ཡིན།  མཚན་མོ་རེ་རེར་ཁོས་རང་གི་རལ་བའི་སྣེ་མོ་གདུང་མའི་སྟེང་ལ་བཏགས་ནས་དཔེ་ཀློག་བྱས།   དེ་ལྟར་མ་བྱས་ཚེ་ཁོ་རང་གཉིད་བབ་ནས་མགོ་བོ་སྨད་པར་གྱུར།   དེ་བཞིན་དུ་ཀྲན་གོའི་དུས་སྐབས་སུ་མིང་ལ་སུའུ་ཆིན་ཟེར་བའི་མི་ཞིག་ཡོད་པ་ཡང་དཔེ་ཀློག་ལ་ཧ་ཅང་དགའ། ཁོས་དཔེ་ཆ་ཀློག་སྐབས་གཉིད་འོང་ན་རང་གི་བརླ་ཐོག་ལ་ཁབ་ཀྱིས་གཙག་ནས་སང་པར་བྱས།  རྗེས་སུ་མི་རྣམས་ཀྱིས“རལ་བ་གདུང་མར་བཏགས་ནས་འཕོངས་ལ་ཁབ་ཀྱིས་བསྣུན་པའི”དཔེ་ཆོས་འདི་སྤྱད་ནས་སློབ་སྦྱོང་ལ་སྡུག་རུས་བྱེད་པའི་སྙིང་སྟོབས་མཚོན་པར་བྱས།


བོད་ཀྱི་རྩོམ་པ་པོའི་སྡེས་འཛམ་གླིང་དཔེ་ཀློག་ཉིན་མོ་བསུ་བ།