ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མིན་ནས་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་མཇལ་འཕྲད་གནང་།
2017.09.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དགུ་བའི་ཚེས་ལྔ་ཉིན།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མིན་ནས་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་ཐོག་མར་ཙུང་ཐང་སེ་ཞི་ཀྲུང་གོར་ཡོང་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མོལ་ཚོགས་འདུར་ཞུགས་པར་དགའ་བསུ་ཞུས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཅིབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོན་པོས་མཐོང་ཆེན་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་དགོས་པ་དང་ཕྱོགས་གཉིས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས། འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ནུས་མཉམ་ལས་ཀྱི་ཕྱོགས་ཆེན་པོ་གཉིས་དམ་འཛིན་བྱས་ཏེ་མཉམ་དུ་ཨེ་ཅིབ་རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཨེ་ཅིབ་ཏུ་སོང་སྟེ་མ་དངུལ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཨེ་ཅིབ་ཕྱོགས་དང་མཉམ་དུ་ཉོ་ཚོང་དང་དངུལ་གཏོང་སྟབས་བདེ་ཅན་དུ་གཏོང་བར་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་དགོས་ཟེར།

སེ་ཞི་ཡིས་བསྟན་དོན། ཨེ་ཅིབ་ཕྱོགས་ཀྱིས་ཨེ་ཅིབ་དང་ཀྲུང་གོའི་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཚད་མཐོན་པོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སོང་བར་ཡིད་ཚིམས་ཡོད། ཨེ་ཅིབ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་གཞིར་རྒྱབ་སྐྱོར་བྱེད་པ་དང་། རང་སྟེང་གི་འཕེལ་རྒྱས་འཐབ་ཇུས་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་གཉིས་སྦྲེལ་མཐུད་བྱེད་འདོད་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་དངུལ་གཏོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་མཉམ་ལས་ཐད་ཤུགས་སྣོན་འདོད་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོས་གསར་དར་ཁྲོམ་རའི་རྒྱབ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་གྲོས་ཚོལ་ཚོགས་འདུ་སྤེལ་བར་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཇེ་དྲག་ཏུ་གཏོང་བར་འཐད་པ་ཡིན་ཟེར།

མཇལ་འཕྲད་མཇུག་རྫོགས་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་དཔལ་འབྱོར་ལག་རྩལ་དང་འགྲིམ་འགྲུལ། ཁྲིམས་འཛིན་བདེ་འཇགས་སོགས་ཁྱབ་ཁོངས་ནས་ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆའི་སྟེང་མིང་བཀོད་པར་བདེན་དཔང་བྱས།

ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་གོང་གི་མཇལ་འཕྲད་ལ་ཞུགས།