རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མིན་ནས་ཚོགས་པའི་གསར་དར་ཚོང་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མོལ་ཚོགས་འདུར་ཞུགས་པའི་རྒྱ་གར་གྱི་ཙུང་ལི་མའོ་ཏེ་ལ་མཇལ་འཕྲད་གནང་།
2017.09.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ9པའི་ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཞ་མིན་དུ་ཀྲུང་གོར་ཡོང་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ཐེངས་དགུ་བ་དང་གསར་དར་ཚོང་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་གྲོས་མོལ་ཚོགས་འདུར་ཞུགས་པའི་རྒྱ་གར་གྱི་ཙུང་ལི་མའོ་ཏེ་ལ་མཇལ་འཕྲད་གནང་།

ཞིས་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་རྒྱ་གར་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཚོང་རའི་རྒྱལ་ཁབ་ཀྱང་ཡིན། བདེ་ཐང་བརྟན་འཇགས་གྱི་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཞིང་། ས་ཁུལ་འདི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་བ་དང་ཡང་མཐུན། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་བ་དང་། སྔར་ལས་ཟབ་པའི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འཐད་པ་བྱུང་ལ། ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྒྱང་རིང་དམིགས་འབེན་གསལ་བོ་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་འདིའི་རྨང་གཞིའི་སྟེང་མུ་མཐུད་དུ་འཕེལ་རྒྱས་ཆེན་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ། ཕྱོགས་གཉིས་ཀྱིས་ཐུན་མོང་དུ་བཏོན་པའི་ཞི་བདེ་མཉམ་གནས་ཀྱི་ཚད་གཞི་ལྔ་བོ་ཕྱོགས་སྟོན་དུ་བྱས་ཏེ་ཆབ་སྲིད་ཀྱི་སྟེང་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་བྱས་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་ཡང་དག་པའི་བགྲོད་ལམ་སྟེང་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མའོ་ཏེ་ཡིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞ་མིན་གྲོལ་མོལ་ཚོགས་འདུ་རྒྱལ་ཁའི་ངང་མཇུག་སྒྲིལ་བར་རྟེན་འབྲེལ་ཞུས་པ་ཡིན་ལ། ཐེངས་འདིའི་གྲོས་མོལ་དེ་མིག་སྔའི་གནས་བབ་འོག་གི་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་སྣེ་སྟོན་གྱི་ནུས་པ་འདེན་སྤེལ་བྱེད་རྒྱུའི་རེ་བ་ཡོད་ཅིང་། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་བརྗེ་རེས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

དབྱང་ཅེ་ཁྲི་ཐེངས་འདིའི་མཇལ་འཕྲད་ལ་ཞུགས།