ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམ་སྟོན་ཚོགས་འདུ་ཚོགས་མགོ་བརྩམས་པར་རྟེན་འབྲེལ་ཞུས།
2017.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་དགུ་བའི་ཚེས་དྲུག་ཉིན། ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམ་སྟོན་ཚོགས་འདུ་ཉིན་ཞའི་དབྱིན་ཁྲོན་གྲོང་ཁྱེར་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་ཚོགས་འདུ་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གི་ནན་གྱིས་བསྟན་དོན། ད་ལོའི་ཟླ་ལྔ་བར་བསྡུས་པའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྟེང་བདག་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་དེ་ཞི་བདེའི་བགྲོད་ལམ་དང་དར་རྒྱས་ཀྱི་བགྲོད་ལམ། སྒོ་འབྱེད་ཀྱི་བགྲོད་ལམ། གསར་སྐྲུན་གྱི་བགྲོད་ལམ། དཔལ་ཡོན་གྱི་བགྲོད་ལམ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་ཨ་རབ་འཛམ་གླིང་གི་རྒྱབ་སྐྱོར་ཆེན་པོ་ཐོབ། སྐབས་འདིའི་འགྲེམ་སྟོན་ཚོགས་འདུས་དངོས་གཉེར་དང་གསར་སྐྲུན། མཉམ་འབྲེལ། མཉམ་རྒྱལ་བཅས་བརྗོད་དོན་གཙོ་བོ་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་འདུ་ཤེས་གོ་སྐབས་སུ་བཟུང་སྟེ་ཀྲུང་གོ་དང་ཨ་རབ་བར་གྱི་མཉམ་ལས་རྒྱ་བསྐྱེད་པར་སྟེགས་བུ་གལ་ཆེན་ཞིག་འདོན་སྤྲོད་བྱས། ཀྲུང་གོས་ཨ་རབ་རྒྱལ་ཁབ་དང་བཅས་པའི་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་བརྟེན་ནས་གོ་སྐབས་མཉམ་སྤྱོད་དང་ཞི་བདེ་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།