མཚོ་སྔོན་ཞིང་ཆེན་ཏང་ཨུས་བོད་ཁུལ་བརྟན་འཇགས་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས།
2017.09.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ་དགུ་བའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་བོད་ཁུལ་བརྟན་འཇགས་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་འབྲེལ་བྱ་བའི་རྒྱས་བཤད་གལ་ཆེན་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྔ་གཞུག་གི་བརྟན་འཇགས་བདེ་སྲུང་བྱ་བར་བཏོན་པའི་བཀོད་སྒྲིག་ལ་སློབ་སྦྱོང་མཐར་ཕྱིན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་ཐེངས་འདིའི་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་དང་། ཀྲུང་དབྱང་གི་བོད་འབྲེལ་བྱ་བའི་བཀོད་སྒྲིག་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བརྟན་འཇགས། གཞི་རིམ་རྨང་གཞིའི་ལས་དོན། ལས་བྱེད་མང་ཚོགས་ཀྱི་བསམ་པའི་རྣམ་པ། སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་བཅས་ལ་འགྱུར་ལྡོག་མངོན་གསལ་བྱུང་ཡོད་ཅིང་། ཉམས་མྱོང་ལ་སྤྱི་སྡོམ་དང་མདུན་ནས་མདུན་དུ་སྐྱོད་དེ། བོད་ཁུལ་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་དགོས་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིག་ཉིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་བཅས་ཀྱིས་སོ་སོར་གཏམ་བཤད་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཀྲུང་དབྱང་བོད་ལྗོངས་གཞུང་སྒྲུབ་ཁང་བོད་ཁུལ་བྱ་བའི་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་དང་། ཧྲིན་ཀྲང་གཞོན་པ་ཧན་ཅིན་ཧྭ་དང་ཡང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན་བཅས་ཚོགས་འདུར་ཞུགས།

ཝང་གོ་ཧྲིན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བརྟན་འཇགས་བྱ་བར་ཁ་མིན་དོན་གྱིས་སྲུང་སྐྱོབ་བྱེད་རྒྱུ་ནི། ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་ཡིན་ཞིང་། མིག་སྔའི་ཆབ་སྲིད་ཀྱི་འོས་འགན་གཙོ་བོ་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། མགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་ངེས་པར་དུ་དེར་མཐོང་ཆེན་བླ་མེད་གནང་རྒྱུ་དང་། ཉིན་གཅིག་ལ་ལྷོད་གཡེང་བག་ཙམ་ཡང་མི་བྱེད་པའི་སྒོ་ནས་འཛིན་དགོས། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་བཀོལ་ཤེས་བྱས་ནས་འགལ་བ་འདུམ་འགྲིག་བྱས་ནས། སྤྱི་ཚོགས་ཡོངས་ནས་ཁྲིམས་བརྩི་བ་དང་ཁྲིམས་སྲུང་བ། ཁྲིམས་བཀོལ་བཅས་ཀྱི་མཁའ་དབུགས་བཟང་བོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་ཆོས་ལུགས་དོ་དམ་དང་དགོན་སྡེ་དོ་དམ་བྱ་བར་ཤུགས་བསྣན་ནས། མི་རིགས་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣ་དང་དགོན་སྡེ་དོ་དམ་ལས་བྱེད་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་པོ་ཡོང་བར་སྣེ་སྟོན་བྱེད་དགོས། བརྟན་འཇགས་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ནས། ལས་རིམ་ཁག་སོ་སོའི་ཞིབ་ཕྲའི་བྱ་བ་ལས་ཁུངས་དང་མི་སྒེར་གྱི་སྟེང་ནས་དངོས་འབེབས་དོན་འཁྱོལ་ཡོང་བར་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ལས་དོན་དམ་པོར་འཛིན་རྒྱུ་ནི་ཐོག་མཐའ་བར་གསུམ་ཀུན་ཏུ་མཚོ་སྔོན་བྱ་བའི་འོས་འགན་དང་པོ་ཡིན། ངེས་པར་དུ་ཡང་དག་པའི་སྒོ་ནས་འཕེལ་རྒྱས་དང་སྐྱེ་ཁམས། བརྟན་འཇགས་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། དམངས་ཚིས་བྱ་བ་བཟང་བོར་བསྒྲུབ་རྒྱུར་སྟོབས་ཤུགས་གང་ཡོད་ཕུལ་ནས། བོད་ཁུལ་འགྲོས་མཉམ་གཅིག་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་དང་ཁྱད་པར་དུ་བོད་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་བཟང་བོར་འཛིན་རྒྱུ་ནི། རྒྱལ་ཁབ་སྐྱེ་ཁམས་ལྕགས་རི་བསྐྲུན་པའི་ཆབ་སྲིད་དང་ལོ་རྒྱུས་ཀྱི་འོས་འགན་གལ་ཆེན་ཞིག་ཡིན། བློ་ཐག་རྦད་ཆོད་སྒོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་སྟེང་དུ་ལེན་པ་དང་ཆབ་སྲིད་རང་རྟོགས་མཐོན་པོ་འཛིན་པ། ཏན་ཏན་ཏིག་ཏིག་ངང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡར་ལྡན་དུ་སྤེལ་ནས། དྭངས་གཙང་གི་ཆུ་མོ་ལྷུང་ལྷུང་དལ་གྱིས་འབབ་པར་ཁག་ཐེག་བྱེད་དགོས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལ་རྟོག་ཞིབ་བྱས་པའི་གནད་དོན་ལེགས་སྒྲིག་དམ་པོར་འཛིན་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བསམ་བློའི་སྟེང་ནས་དེར་མཐོང་ཆེན་བྱེད་པ་དང་། ལག་ལེན་གྱི་སྟེང་ནས་གཅིག་བསྡུས་བྱས་ཏེ། བཅོས་ཚད་དང་བཅོས་གཞི་མཉམ་དུ་འཛིན་པ་དང་། སྔོན་འགོག་དང་ལེགས་སྒྲིག་མཉམ་དུ་བཟུང་ནས། དངོས་ཡོད་ཁོར་ཡུག་གནད་དོན་ཐག་བཅད་དེ་སྤྱི་ཚོགས་ཀྱི་ཐུགས་ཁུར་མཚོན་པར་བྱས་ཏེ། ལེགས་སྒྲིག་གི་ད་ཡོད་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་བོད་ཁུལ་གཞུང་སྒྲུབ་ཁང་དང་ཞིང་ཆེན་བརྟན་འཇགས་གཞུང་སྒྲུབ་ཁང་། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ཏང་ཨུའི་འགན་ཁུར་བློ་མཐུན་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས་ཤིང་། སྡེ་ཁག་བཅུ་བཞིས་ཡིག་ངོས་ནས་བསམ་ཚུལ་བརྗེ་རེས་བྱས།