མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་གཟབ་རྒྱས་ངང་བསྡུས།
2017.09.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ་དགུ་བའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས་ཤིང་། ཚོགས་ཆེན་གྱི་བརྗོད་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་དང་། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལ་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། ཁྱོན་ཡོངས་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་པ། ཤུགས་ཆེན་པོས་སྒྱུར་བ་བཞི་ཡར་ལྡན་དུ་སྤེལ་བ། ཞབས་ཞུ་བཞིའི་འགན་ནུས་གནས་ཐིག་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་སྒོས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཚན་རྩལ་ལས་བཟོ་བར་སྣེ་ཁྲིད་བྱེད་པ། བཅོས་སྒྱར་གསར་གཏོད་དང་བྱེད་ནུས་མཐོར་འདེགས་གཏོང་བ་བཅས་ལ་འབད་མཐར། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་བྱས་རྗེས་འཇོག་རྒྱུ་དེ་རེད།

ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཧོའེ་ཅུན་ཕིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གཉིས་ཀྱིས་སྔ་གཞུག་བྱས་ཏེ་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ཅན་ཅོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞའོ་དང་མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚའེ། ཀྲང་ཞི་མེན། ཡན་ཅིན་ཧེ། ཝང་ཡུས་ཡན། ཡུས་ཚུང་ལི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་ཉིན་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མཱ་ཅིས་ཞའོ་ཡིས་ཐེངས་འདིའི་ཚོགས་ཆེན་ལ་མགོ་འཛིན་བྱས།

ཧོའེ་ཅིན་ཕིན་གྱིས་གཏམ་བཤད་ཁྲོད་མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བའི་ཚུན་ལ་གྲུབ་འབྲས་མི་དམན་པ་བླངས་ཡོད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་མཐུན་ཚོགས་བཅོས་སྒྱུར་ལས་དོན་གཏིང་ཟབ་དུ་སྤེལ་བར་བླང་བྱ་བཏོན། ཁོས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་སྲོག་ཤིང་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་དང་། རང་རྟོགས་སྒོས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཚན་རྩལ་གསར་གཏོད་དང་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་དོན་ཆེན་པོར་ཁ་གཏོད་པ། འབྲེལ་ཟམ་མཐུན་སྦྱོར་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། མཐུན་སྒྲིལ་སྒོས་རྒྱ་ཆེ་བའི་ཚན་རྩལ་ལས་བཟོ་བ་རྣམས་ལ་སྣེ་ཁྲིད་དེ། ཚན་རྩལ་ལས་དོན་ཡར་རྒྱས་འགྲོ་བར་སྣེ་སྟོན་བྱེད་པ། དམངས་ཡོངས་ཀྱི་ཚན་རིག་སྤུས་ཚད་མཐོར་འདེགས་གཏོང་བ། གསར་གཏོད་སྒུལ་སྤེལ་འཕེལ་རྒྱས་ཕྱོགས་ནས་མཁའ་དབུགས་ལེགས་པོ་བསྐྲུན་པ་སོགས་ལས་དོན་མང་པོ་བསྒྲུབས་ཟེར།

ཝང་གོ་ཧྲིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཚོགས་ཆེན་གཟབ་རྒྱས་ངང་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། དུས་ཡུན་རིང་བོར་མཚོ་སྔོན་གྱི་ཚན་རྩལ་ལས་དོན་ལ་རྒྱབ་སྐྱོར་དང་ཐུགས་ཁུར་ཟབ་བཞེས་གནང་མཁན་གྱི་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ལ་བཀའ་དྲིན་ཞུས་ཏེ། གཟེངས་བསྟོད་ཐོབ་པའི་བློ་མཐུན་དང་ཚོགས་པ། འཐུས་མི། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཚན་རྩལ་ལས་བཟོ་བ་བཅས་ལ་གུས་འདུས་བླ་མེད་ཞུས། ཝང་གོ་ཧྲིན་གྱིས་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བའི་ཚུན་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས།

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ལིས་ཀྱིས་མི་དམངས་ཚོགས་པའི་ཚབ་བྱས་ཏེ་ཤིས་ཚིག་ཕུལ། གྲོས་ཚོགས་ལས་རྒྱལ་ཡོངས་ཕུལ་བྱུང་ཚན་རྩལ་ལས་བཟོ་བའི་མཚན་སྙན་ཐོབ་མཁན་དང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཉིས་སྟོང་བཅུ་དྲུག་ལོའི་ཆེས་ལེགས་ཤོས་ཀྱི་བྱ་དགའ་ཐོབ་མཁན་འཐུས་མི་བཅུ་བཅས་ལ་གཟེངས་བསྟོད་བྱས།
མཚོ་སྔོན་ཞིང་ཆེན་ཚན་རྩལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་འཐུས་མི་དང་ཟུར་ཞུགས་འཐུས་མི། ཀྲུང་གོ་ཚན་རྩལ་ཚོགས་ཆེན་ཐེངས་དགུ་བའི་འཐུས་མི། གདན་ཞུས་འཐུས་མི་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།