ཐེན་ཅིན་ཁྲིན་གྱིས་རྨ་ལྷོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་ལྟ་སྐུལ་བྱེད་ཞོར་དང་ལེགས་བཅོས་བྱེད་པའི་བྱ་བར་རྟོག་ཞིབ་བྱས།
2017.09.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ་དགུ་བའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིད་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་སོང་ནས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་ལྟ་སྐུལ་བྱེད་ཞོར་དུ་ལེགས་བཅོས་བྱེད་པའི་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཡིད་ཆེས་བརྟན་པོ་དང་ཁག་ཁུར་འདུ་ཤེས་ཆེན་པོ། བརྟན་བརླིང་གི་སྤྱོད་ཚུལ་དང་བྱེད་ཐབས་བཟང་བོས་ཁོར་ཡུག་སྲུང་སྐྱོབ་བྱ་བ་རྒྱུན་མཐུད་ངང་སྤེལ་དགོས། ཆོད་སེམས་བརྟན་པོ་དང་སྙིང་སྟོབས་ཆེན་པོས་དག་ཐེར་ལེགས་བཅོས་ཀྱི་དམིགས་འབེན་དང་ལས་འགན་ལག་བསྟར་བཟང་བོ་བྱེད་དགོས་ཟེར།

ཐེན་ཅིན་ཁྲིན་གྱིས་སྔ་གཞུག་ཏུ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་ཁྲིན་ཧྲན་རྡོ་ཟེགས་རྒྱུ་ཆས་བཟོ་གྲྭའི་དག་ཐེར་ལེགས་བཅོས་གནས་ཚུལ་དང་། ཁམས་ར་གྲོང་རྡལ་གྱི་སྲང་ལམ་དག་ཐེར་ལེགས་བཅོས་བྱེད་པའི་གནས་ཚུལ། མར་ཁུ་ཐང་གྲོང་རྡལ་གྱི་ཀུ་ཤུ་ར་བའི་ཁུལ་གྱི་དག་ཐེར་ལེགས་བཅོས་གནས་ཚུལ་བཅས་ལ་རྟོག་ཞིབ་བྱས། ཁོས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་དེ་ཡིན་ལ། ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན། ཁོར་ཡུག་སྔར་ལས་ཇེ་ལེགས་དང་ཁྱིམ་གཞི་སྔར་ལས་མཛེས་བསྒྱུར་བྱེད་རྒྱུ་ནི་རིགས་སོ་སོའི་མི་དམངས་དང་ལས་བྱེད་པའི་རེ་བ་ཡིན་པས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ནས་རྙེད་པའི་གནད་དོན་དང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་ལྟ་སྐུལ་བྱེད་ཞོར་དུ་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་གོ་སྐབས་སུ་བརྩིས་ནས། མགོ་ཁུངས་ནས་དག་ཐེར་ལེགས་བཅོས་བྱེད་པ་དང་། དག་ཐེར་ལེགས་བཅོས་ཀྱི་ཇུས་གཞི་ལ་དམིགས་ནས་བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། བྱ་བའི་རེ་བ་ནན་མོ་བརྒྱུད་དེ་བཅོས་སྐྱོང་གྲུབ་འབྲས་བཟང་བོ་བླངས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་ཆུ་ཚད་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་བྱེད་དགོས་ཟེར།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། གཅན་ཚ་རྫོང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཚོར་སྐྱེན་ཁུལ་དུ་ཆགས་ཡོད་པ་དང་། དེའི་སྐྱེ་ཁམས་ཁོར་ཡུག་གནས་བབ་ཀྱིས་རྨ་ཆུའི་བཞུར་རྒྱུན་ཧྲིལ་བོའི་སྐྱེ་ཁམས་བདེ་འཇགས་ཐད་ཀྱི་འགན་འཁྲི་ཁུར་ཡོད་ལ། རྨ་ཆུའི་སྟོད་བར་རྒྱུད་ས་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དང་། ཆུ་མོའི་བཞུར་རྒྱུན་མི་ཆད་པར་ཁག་ཐེག་བྱེད་པའི་ཐད་ནས། ནོར་འཁྲུལ་ཅུང་ཙམ་ཡང་འབྱུང་མི་རིང་བས། ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་ངེས་པར་དུ་གཟབ་ནན་བྱེད་པ་དང་། དག་ཐེར་ལེགས་བཅོས་ཀྱི་རེ་ར་སྔར་ལས་མཐོར་འདེགས་བྱེད་དགོས། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་ཐད་ཀྱི་འགན་འཁྲི་གཙོ་བོ་དང་དག་ཐེར་ལེགས་བཅོས་འགན་ནུས་ཇེ་དྲག་ཏུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་དག་ཐེར་ལེགས་བཅོས་ཇུས་གཞི་གཏན་འབེབས་བྱེད་པ། རྩ་བཅོས་བྱེད་པའི་བྱེད་ཐབས་བཏོན་ནས། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་གནད་དོན་ཐག་གཅོད་དགོས་ཟེར།