ཞི་ཅིན་ཕིང་གིས་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་།
2017.09.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་བའི་ཚེས་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བཤད་རྒྱུར། དེང་སྐབས་ཀྲུང་གོ་དང་འཇར་མན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཅང་མ་འགོར་བའི་སྔོན་ལ། བདག་གིས་འཇར་མན་ལ་རྒྱལ་དོན་འཚམས་འདྲི་བྱས་པར་མ་ཟད་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧན་པའོ་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ་ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་བར་དུ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཇེ་མང་དུ་གཏོང་བ་དང་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱེད་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན། ཀྲུང་གོ་དང་འཇར་མན་གྱིས་མཉམ་ལས་བྱེད་པའི་དོན་སྙིང་དེ་སྔ་མོ་ནས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ལ་ནུས་པ་གལ་ཆེན་བཏོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་མུ་མཐུད་ནས་ཕྱོགས་མང་སྤྱི་ཁོག་ནང་དུ་མཉམ་ལས་བཟང་བོ་བྱེད་འདོད་ཡོད་ཟེར།

མའོ་ཁི་ཨར་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་བདུན་པར་རྒྱལ་དོན་འཚམས་འདྲི་བྱས་པར་གྲུབ་འབྲས་བཟང་བོ་ཐོབ་པ་དེ་འཇར་མན་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཐད་ལ་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱེད་འདོད་ཡོད་ཟེར།