རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོའི་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།
2017.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་དགུ་བའི་ཚེས་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་གྱི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་ཚན་ཁག་ཐེངས་བཅུ་བདུན་པས་མཚོ་སྔོན་གྱི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོའི་བྱ་བར་དུས་ཡུན་ཉིན་བཅུའི་རིང་ལ་ལྟ་སྐུལ་ཞིབ་བཤེར་བྱས། ཚེས་བརྒྱད་ཉིན་གྱི་སྔ་དྲོར། ལྟ་སྐུལ་ཞིབ་བཤེར་ཚན་ཁག་གིས་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་བྱ་བའི་སྙན་ཞུར་ཉན་པ་དང་། ལྟ་སྐུལ་ཞིབ་བཤེར་ཚན་ཁག་གི་ཚན་གཙོ། རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཁྲིན་ཀང་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གཉིས་སྙན་ཞུ་འབུལ་བའི་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད།

ཁྲིན་ཀང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་བྱ་བའི་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཞིབ་བཤེར་ཚན་ཁག་མཚོ་སྔོན་དུ་ཡོང་ནས་ལྟ་སྐུལ་ཞིབ་བཤེར་བྱེད་པའི་དམིགས་ཡུལ་དང་བྱེད་ཐབས། ལྟ་སྐུལ་ཞིབ་བཤེར་གྱི་ནང་དོན་གཙོ་བོ། བྱ་བའི་བཀོད་སྒྲིག་བཅས་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་ཚན་ཁག་སོ་གཅིག་རྩ་འཛུགས་བྱས་ཏེ། ཚན་ཁག་གཅིག་གིས་ཞིང་ཆེན་གཅིག་རེ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་། བྱེད་ཕྱོགས་འདི་ནི་ཉེ་བའི་ལོ་འདི་འགའི་རིང་གི་ཚད་གཞི་མཐོ་ཤོས་ཀྱི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་ཐེངས་ཤིག་ཡིན་ཟེར།

ཝང་ལིས་མེན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་ཚན་ཁག་མཚོ་སྔོན་དུ་ཕེབས་པར་དགའ་བསུ་དང་བཀའ་དྲིན་ཞུས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་ནས་སྙན་ཞུ་འཐུས་ཚང་ཕུལ། ཁོས་བཤད་རྒྱུར། ས་གནས་དང་ལས་ཁུངས་སོ་སོས་ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་བྱ་བར་མཐོང་ཆེན་བླ་མེད་བྱེད་དགོས་པ་དང་། དངོས་ཐོག་བདེན་འཚོལ་སྒོས་བྱ་བར་སྙན་ཞུ་འབུལ་དགོས། ནན་ཏན་ཞིབ་ཚགས་ཀྱི་སྒོ་ནས་ཞིབ་བཤེར་སྟ་གོན་བྱ་བ་བཟང་བོར་བསྒྲུབ་ནས། བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོའི་བྱ་བར་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཤིག་ཐོབ་པར་འགན་ལེན་བྱས་མཐར། གྲུབ་འབྲས་གཡུར་དུ་ཟ་བའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་ཕན་པའི་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།