ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་གོ་ཧྲིན་དང་ཝང་ཅན་ཅུན་གཉིས་ཀྱིས་མགོ་ལོག་རྨ་ཆེན་རྫོང་ནས་བྱུང་བའི་རི་ཉིལ་དོན་རྐྱེན་ལ་མཆན་བཀོད་མཛུབ་སྟོན་བྱས།

སྤེལ་དུས། 2017-08-31 09:19:10   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བན་དེ་སྐྱབས།

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་གྱི་ཞོགས་པའི་དུས་ཚོད་བཞིའི་སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་ཟི་རིག་ཆུན་སྡེ་བ་ནས་རི་ཉིལ་དོན་རྐྱེན་བྱུང་སྟེ། ཁྱིམ་ཚང་གསུམ་གྱི་མི་དགུ་ས་འོག་ཏུ་མནན་པ་དང་། སྤྱི་ལེ་གཅིག་གི་རིང་ཚད་ལ་མཚོ་ཆུ་འགོག་སྲུང་ཆུ་རགས་གྲུབ་པར་མ་ཟད། ཟི་ལིང་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་བཅད། མིག་སྔར་ས་འོག་ཏུ་མནན་པའི་མི་དགུ་བོ་ས་ཁར་བཏོན་ནས་མི་གཉིས་བསྐྱབས།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གནོད་འཚེ་ཐེབས་རྗེས་རི་ཉིལ་དོན་རྐྱེན་ལ་མཐོང་ཆེན་བླ་མེད་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཝང་ཅན་ཅུན་གཉིས་ཀྱིས་དེ་འཕྲལ་མཆན་བཀོད་མཛུབ་སྟོན་བྱས་ནས། མང་ཚོགས་ཉེན་ཁ་ལས་སྐྱོབ་པ་དང་གནོད་འགོག་ཉེན་སེལ་བྱ་བར་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན། ཝང་གོ་ཧྲིན་གྱིས་མཆན་བཀོད་མཛུབ་སྟོན་ཁྲོད་མགོ་ལོག་ཁུལ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་མྱུར་སྐྱོབ་བྱ་བར་བཀོད་སྒྲིག་གང་ལེགས་བྱས་ཏེ། ཤི་རྨས་ཐེབས་ཚད་ཇེ་ཉུང་དུ་གཏོང་བར་འབད་དགོས་པའི་རེ་བ་བཏོན། ཝང་ཅན་ཅུན་མགོ་ལོག་ཏུ་ཐོན་མ་ཐག་མྱུར་སྐྱོབ་རོགས་འདེགས་བྱ་བའི་སྙན་ཞུར་ཉན་རྗེས་བསྟན་དོན། མགྱོགས་མྱུར་སྒོས་རོགས་སྐྱོར་བྱ་བ་དམ་པོར་བཟུང་ནས། ཉེ་འཁོར་གྱི་མང་ཚོགས་ཁ་འགྲེམ་པར་བྱེད་པ་དང་། གནོད་འཚེ་ཐེབས་ཡུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། རྩ་འཛུགས་བྱས་ཏེ་གནོད་ཐེབས་རྗེས་ཀྱི་ཞིབ་བཤེར་རྩད་གཅོད་བྱ་བ་མགྱོགས་མྱུར་ངང་བསྒྲུབ་ནས། རང་བྱུང་གནོད་འཚེ་བསྐྱར་དུ་མི་འབྱུང་བར་འགོག་སྲུང་དམ་པོ་བྱེད་དགོས་ཟེར། ཧྲིན་ཀྲང་གཞོན་པ་ཧན་ཅིན་ཧྭ་རི་ཉིལ་གནོད་ཐེབས་ས་ཁུལ་ཏུ་སོང་སྟེ། ཡུལ་དངོས་ནས་མྱུར་སྐྱོབ་དང་བཀོད་སྒྲིག་བྱ་བར་མཛུབ་སྟོན་བྱས།

མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། རྨ་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་བཅས་ཀྱིས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་མགོ་ཁྲིད་ཀྱི་བཀོད་སྒྲིག་བླང་བྱ་དངོས་འབེབས་བྱས་ཏེ། ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡུལ་དངོས་མཛུབ་སྟོན་པར་མངགས་པ་དང་། ཁུལ་དང་རྫོང་གྲོང་རྡལ་བཅས་ཀྱི་ལས་བྱེད་མི་སྣ་དང་སྤྱི་བདེ་མི་སྣ། དྲག་ཆས་ཉེན་རྟོག་པ། མེ་གསོད་རུ་མི། འབྲོག་དམངས་བཅས་བསྡུ་འགུགས་བྱས་ཏེ་མྱུར་སྐྱོབ་བྱེད་ཀྱིན་ཡོད། རྨ་ཆེན་རྫོང་དང་འདབས་འབྲེལ་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཧུར་བརྩོན་ཆེན་པོས་རོགས་སྐྱོར་བྱེད་སྒོ་སྤེལ་ནས། སྨན་བཅོས་སྲོག་སྐྱོབ་རླངས་འཁོར་དང་སྨན་པ། ནད་གཡོག་པ་བཅས་ཡུལ་དངོས་སུ་མངགས་པ་འབྱོར་བར་མ་ཟད། ད་དུང་དངོས་ཟོག་སྐྱེལ་འདྲེན་བྱས་ཏེ་ཐེངས་འདིའི་དོན་རྐྱེན་ལ་རྒྱབ་སྐྱོར་བྱས།

ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་སྟེང་དུ། ས་འོག་ཏུ་མནན་པའི་མི་ཚང་མ་ས་ཁར་བཏོན་པ་དང་། དེའི་ཁྲོད་ཀྱི་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་ཕོག  ། རྨས་མ་རྣམས་འཕྲལ་དུ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་ཀྱིན་ཡོད་ཅིང་། མིག་སྔའི་བར་དུ་ཚེ་སྲོག་གི་ཉེན་ཁ་ཅི་ཡང་མེད། མཚོ་ཆུ་བསྐྱིལ་སའི་རགས་ཁ་བཏོད་ནས་མཚོ་ཆུ་གེགས་མེད་བཞུར་གྱིན་ཡོད་ཅིང་། མཚོ་ཆུའི་སྨད་རྒྱུད་ཀྱི་མང་ཚོགས་དྲུག་ཅུ་ལྷག་བདེ་འཇགས་ངང་གནས་སྤར། སྔོན་དཔག་བྱས་པ་ལྟར་ན། ཞིང་ཆེན་གྱི་གཞུང་ལམ་གཅིག་ཐིག་གཅིག་ཟླ་དགུ་བའི་ཚེས་གཅིག་ཉིན་བསྐྱར་ལས་བྱས་ཏེ་རྒྱུན་ལྡན་ངང་རླངས་འཁོར་ཤར་གཏོང་བྱེད་ཐུབ་རྒྱུ་རེད།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།