ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ་ཞིང་ལིས་ཁི་ཆང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད།

སྤེལ་དུས། 2017-10-19 09:40:00   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

རླབས་ཆེན་ཕུགས་འདུན་དང་ནི་འཆར་གཞི་གསར་པའི་དཔེ་རིས་འགོད། ། རླབས་ཆེན་ལས་དོན་དང་ནི་དུས་རབས་གསར་པའི་སྒོ་འཕར་ཕྱེས། ། ཀུན་གྱིས་དོ་སྣང་ཆེས་ཆེར་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས།


1.png

ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།

ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་ཁ་ཡིག་ལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་བཅད་ནས་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས་ཞེས་པའི་སྙན་ཞུ་ཕུལ། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་གཅོད་པའི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པ་ཞིག་ཏུ་ཞུགས་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན། ཚོགས་ཆེན་གྱི་བརྗོད་གཞི་ནི། ཐོག་མའི་སེམས་འདུན་མི་བརྗེད་པ་དང་ལས་འགན་སེམས་ལ་བརྟན་པོར་བཅངས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་གཅོད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་དེ་ཡིན་ཟེར།

མི་དམངས་ཚོགས་ཁང་ཆེན་མོ་རྔམ་བརྗིད་ལྷུན་གྱིས་ཆགས་ཤིང་། ཁྲི་ཤོང་ཚོམས་ཁང་ཆེན་མོར་དགའ་སྤྲོའི་དཔལ་གྱིས་ཁེངས། ཀྲུའུ་ཞིའི་སྟེགས་བུའི་ཀླད་དུ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཞེས་པའི་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་རས་ཀྱི་དཀྱིལ་དུ་ཟོར་བ་དང་ཐོ་བས་གྲུབ་པའི་ཏང་རྟགས་བཀལ་ཡོད་ལ། བཀྲག་མདངས་འཚེར་བའི་དར་དམར་བཅུ་དེ་ཡི་མཐའ་གཉིས་སུ་བསྒྲིགས་ཡོད། ཉིས་ཐོག་དང་སུམ་ཐོག་གི་གཟིགས་སྟེགས་སྟེང་སོ་སོར་ཐོག་མའི་སེམས་འདུན་མི་བརྗེད་པ་དང་ལས་འགན་སེམས་ལ་བརྟན་པོར་བཅངས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་གཅོད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་པ་དང་། རླབས་ཆེན་དང་གཟི་བརྗིད། རྣམ་དག་གི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་སྦྱར་ཡིག་བཀལ་ཡོད།

2.png

ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། འདི་ནི་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཅང་ཙེ་མེན། ཧུའུ་ཅིན་ཐའོ་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད།

ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། མཱ་ཁའེ། ཝང་ཧུའུ་ཉིན། ལིའུ་ཡན་ཏུང་། ལིའུ་ཆི་པའོ། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཅན་གོ། ལིས་ཡོན་ཁྲའོ། ཝང་ཡང་། ཀྲང་ཁྲུན་ཞན། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། ཀྲའོ་ལི་ཅི། ཧུའུ་ཁྲུན་ཧྭ། ལིས་ཀྲན་ཧྲུའུ། གོ་ཅིན་ལུང་། ཧན་ཀྲིན། ཅང་ཙེ་མེན། ཧུའུ་ཅིན་ཐའོ། ལིས་ཕིན། ཀྲུའུ་རོང་ཅི། ལིས་རོས་ཧོན། ཝུའུ་པང་གོ། ཝུན་ཅ་པའོ། ཅ་ཆིན་ལིན། སུང་ཕིང་། ལིས་ལན་ཆིན། ཙིན་ཆིན་ཧུང་། ཝུའུ་ཀོན་ཀྲིན། ལིས་ཁྲང་ཁྲུན། ཧི་གོ་ཆང་། ཏུའུ་ཆིན་ལིན། ཀྲའོ་ཧུང་ཀྲུའུ། དབྱང་ཅིན་བཅས་ཡོད།

ཚོགས་ཆེན་ལ་ལིས་ཁི་ཆང་གིས་འགོ་འཛིན་མཛད། སྔ་དྲོའི་ཆུ་ཚོད་དགུའི་སྟེང་ཚོགས་ཆེན་དངོས་སུ་ཚོགས་འགོ་བརྩམས་པ་དང་། ཚང་མ་ཡར་ལངས་ཏེ་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེའི་རྗེས་སུ་བློ་མཐུན་ཡོངས་ཀྱིས་མའོ་ཙེ་ཏུང་དང་། ཀྲིག་ཨིན་ལེ། ལིའུ་ཧྲའོ་ཆི། ཀྲུའུ་ཏི། ཏིན་ཞའོ་ཕིང་། ཁྲིན་ཡུན་སོགས་སྐུ་གཤེགས་ཟིན་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་མྱ་ངན་ཞུས།

3.png

ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ལིས་ཁི་ཆང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད།

ལིས་ཁི་ཆང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་ཉིས་བརྒྱ་བརྒྱད་ཅུ་དང་། ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི་དོན་བཞི་སྟེ་བསྡོམས་པས་མི་སྟོང་གཉིས་དང་སུམ་བརྒྱ་ང་བཞི་ཡོད་ལ། དེ་རིང་མི་སྟོང་གཉིས་དང་སུམ་བརྒྱ་སོ་བརྒྱད་ཚོགས་ཐོག་ཏུ་འབྱོར་ཡོད་ཅེས་བསྒྲགས། ཁོང་གིས་ཚོགས་ཆེན་ལ་ཟུར་ཞུགས་བྱས་པའི་ཏང་ཕྱིའི་གྲོགས་པོ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

4.png

ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྙན་ཞུ་ཕུལ།

ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུ་ཁག་བཅུ་གསུམ་དུ་བགོས་ཡོད། གཅིག འདས་པའི་ལོ་ལྔའི་བྱ་བ་དང་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས། གཉིས། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི། གསུམ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་ཐབས་ཇུས། བཞི། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་བཅད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་ཕྱེས་པ། ལྔ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ། དྲུག མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ། བདུན། རིག་གནས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བ། བརྒྱད། དམངས་ཚིས་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་པ། དགུ། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་མྱུར་དུ་བཅོས་སྒྱུར་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ། བཅུ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དར་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ཁྱོན་ཡོངས་ནས་སྤེལ་བ། བཅུ་གཅིག རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་བྱས་ཏེ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། བཅུ་གཉིས། ཞི་བདེའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། བཅུ་གསུམ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་བཅས་རེད།

ཞི་ཅིན་ཕིང་གིས་སྙན་ཞུའི་ནང་དུ་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལོ་ལྔའི་རིང་། ང་ཚོས་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བརྗོད་སྙིང་རྒྱུན་འཁྱོངས་བྱས་ཏེ། དཀའ་ངལ་ཁྱད་བསལ་དང་གསར་སྤེལ་ཡར་བརྩོན་གྱིས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་རྣམ་པ་གསར་པ་ཁྱོན་ཡོངས་ནས་གསར་གཏོད་བྱས་པ་སྟེ། དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་པ་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་བརྒལ་གཏོར་གསར་པ་བྱས་ལ། དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་ཐད་ནས་གོམ་སྟབས་གལ་ཆེན་སྤོས་པ་དང་། བསམ་བློའི་རིག་གནས་འཛུགས་སྐྲུན་བྱེད་པའི་ཐད་ནས་འཕེལ་རིམ་ཆེན་པོ་བླངས། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་ནས་ཕན་འབྲས་མངོན་གསལ་བླངས། དམག་དར་དམག་རྒྱས་ཐད་ནས་རྣམ་པ་གསར་པ་བསྐྲུན་ཞིང་། ཞང་ཀང་དང་ཨོ་མིན། ཐེ་ཝན་བྱ་བའི་ཐད་ནས་འཕེལ་རིམ་གསར་པ་བླངས་པ་དང་། ཁྱོན་ཡོངས་ཀྱི་ཕྱི་འབྲེལ་བཀོད་སྒྲིག་གཏིང་ཟབ་ཏུ་སྤེལ་ལ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ཕན་འབྲས་གཟེངས་སུ་ཐོན་པ་ཐོབ། དེ་དང་མཉམ་དུ་ང་ཚོའི་བྱ་བར་ཡང་ད་དུང་མི་འདང་ས་མང་ལ། དཀའ་ངལ་དང་འགྲན་རྩོད་མི་ཉུང་བ་གནས་པ་ཡང་ངེས་པར་དུ་གསལ་པོར་ཤེས་དགོས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཁྱོན་ཡོངས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཡིན་ལ། ལོ་ལྔའི་རིང་གི་བསྒྱུར་བཅོས་ནི་རིམ་པ་ཟབ་པའི་བསྒྱུར་བཅོས་དང་གཞི་རྩའི་རང་བཞིན་གྱི་བསྒྱུར་བཅོས་ཡིན། ལོ་ལྔའི་རིང་ལ། ང་ཚོའི་ཏང་གིས་ཆབ་སྲིད་ཀྱི་བློ་སྤོབས་ཧ་ཅང་ཆེན་པོ་དང་འགན་ལེན་གྱི་ཁག་ཁུར་ཧ་ཅང་དྲག་པོས་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་ལ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཞིང་། བྱ་བ་གལ་ཆེན་རབ་དང་རིམ་པ་བསྒྲུབས་ནས། ཡུན་རིང་པོར་ཐག་གཅོད་བསམ་ཡང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། སྔོན་ཆད་བསྒྲུབ་བསམ་ཡང་བསྒྲུབས་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་བྱས། ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་དེ་དག་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་གལ་ཆེ་ཞིང་གཏིང་ཟབ་པའི་ཤན་ཤུགས་ཐེབས་ཐུབ

ཞི་ཅིན་ཕིང་གིས་བསྟན་དོན། དུས་ཡུན་རིང་པོར་འབད་བརྩོན་བྱས་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་བསླེབས་ཡོད་ལ། དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཕྱོགས་མཚམས་གསར་པ་ཡིན། དེས་རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེར་ཇེ་ཆེར་འགྲོ་བའི་བདེ་སྐྱིད་ཀྱི་འཚོ་བའི་དགོས་མཁོ་དང་དོ་མཉམ་མིན་ལ་ཕུན་ཚོགས་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་རུ་གྱུར་པ་མཚོན་ཡོད། རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོའི་འགྱུར་ལྡོག་གིས་ང་ཚོ་སྤྱི་ཚོགས་རིང་ལུགས་སུ་གནས་པའི་ལོ་རྒྱུས་དུས་རིམ་གྱི་བརྡར་གཅོད་བསྒྱུར་མེད་པ་དང་། རང་རྒྱལ་ད་ལྟ་མ་ཟད་ད་དུང་ཡུན་རིང་པོར་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པའི་གཞི་རྩའི་རྒྱལ་ཇུས་ད་དུང་འགྱུར་མེད་ལ། རང་རྒྱལ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་རྒྱལ་སྤྱིའི་གོ་གནས་ད་དུང་འགྱུར་མེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ཁོང་དུ་དམ་པོར་ཆུད་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་དོན་དངོས་ཆེས་ཆེན་པོ་འདི་ལ་རྐང་དམ་པོར་འཛུགས་པ། ཏང་གི་གཞི་རྩའི་ལམ་ཕྱོགས་ཞེས་པའི་ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་དང་མི་དམངས་བདེ་སྐྱིད་ཀྱི་རྩ་བ་འདི་རྒྱུན་འཁྱོངས་དམ་པོ་བྱས་ཏེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་འགོ་ཁྲིད་དང་མཐུན་སྒྲིལ་གྱིས་དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་དུ་འཛིན་པ་དང་། རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་དང་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས། རང་སྟོབས་རང་སྤེལ་དང་དཀའ་སྤྱད་ལས་སྐྲུན་བཅས་བྱས་ནས། རང་རྒྱལ་འདི་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་དགོས།

དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲིའི་སྐོར་ནས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཆེས་ཆེ་བའི་ཕུགས་འདུན་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ནས་བཟུང་། གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་རྒྱུ་དེ་ཆེས་མཐོའི་ཕུགས་བསམ་དང་མཇུག་མཐའི་དམིགས་འབེན་དུ་བརྩིས་ནས། ཕྱིར་བཤོལ་སྤུ་ཙམ་ཡང་མེད་པར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཡོད། ད་ལྟ་ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་དང་བསྡུར་ན་ཡང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་པའི་དམིགས་འབེན་དང་ཐག་སྔར་ལས་ཉེ་ཞིང་དེ་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ནུས་པ་ཡང་སྔར་ལས་ཆེ།

5.png

ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྙན་ཞུ་ཕུལ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་ན་ངེས་པར་དུ་རླབས་ཆེན་གྱི་འཐབ་རྩོད་སྤེལ་དགོས་པ་དང་། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་ན། ངེས་པར་དུ་རླབས་ཆེན་གྱི་བཟོ་སྐྲུན་འཛུགས་སྐྲུན་བྱེད་དགོས་ལ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་ན། ངེས་པར་དུ་རླབས་ཆེན་གྱི་ལས་དོན་བསྒྲུབ་དགོས། རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་བཟོ་སྐྲུན། རླབས་ཆེན་གྱི་དམིགས་འབེན་བཅས་ཕན་ཚུན་དམ་དུ་འབྲེལ་ཞིང་དམ་དུ་བརྟེན་ཡོད་ལ། དེའི་ནང་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་བཞིན་པ་ནི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་ཡིན།

ཞི་ཅིན་ཕིང་གིས་ངེས་གསལ་བརྒྱད་བཀོལ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་རྒྱས་བཤད་མཛད། ཁོང་གིས་གསུངས་རྒྱུར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་ངེས་གསལ་བྱེད་པ་དང་། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྨང་གཞིའི་སྟེང་། གོམ་སྟབས་གཉིས་སུ་བགོས་ཏེ་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་ཀྱི་འཛིན་སྤེལ་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་ཆེས་གསར་པ་ཡིན་ལ། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་དགོས།

ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་གྱི་གཞི་རྩའི་ཇུས་གཞི་གྲུབ་པར་བྱེད་པའི་རྒྱུན་འཁྱོངས་བཅུ་བཞི་རྒྱས་བཤད་མཛད་པ་དེ། ཏང་གིས་བྱ་བ་ཡོད་ཚད་ལ་འགོ་ཁྲིད་པ་རྒྱུན་འཁྱོངས་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས། འཕེལ་རྒྱས་ཁྲོད་ནས་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བཅས་རེད།

ཞི་ཅིན་ཕིང་གིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གླེང་སྐབས་གསུངས་རྒྱུར། བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་སུ། ང་ཚོའི་ཏང་གིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཏེ། གོམ་སྟབས་གསུམ་གྱི་འཐབ་ཇུས་དམིགས་འབེན་བཏོན་ཡོད་ལ། མི་དམངས་ཀྱི་ཁ་རྒྱབ་གནད་དོན་ཐག་གཅོད་པ་དང་མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་གི་ཚད་དུ་བསླེབ་པར་བྱེད་པའི་དམིགས་འབེན་འདི་གཉིས་སྔོན་ལ་མངོན་འགྱུར་བྱས་ཟིན། ད་ནས་ཉིས་སྟོང་ཉི་ཤུ་ལོའི་བར་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་གཅོད་པའི་དུས་སྐབས་ཡིན་ལ། ཚོགས་ཆེན་བཅུ་དགུ་པ་ནས་ཚོགས་ཆེན་ཉི་ཤུ་པའི་བར་ནི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་མཉམ་དུ་སྦྲེལ་བའི་དུས་སྐབས་ཡིན་པས། ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱས་ཏེ་བརྒྱ་ལོའི་འབད་འཐབ་དམིགས་འབེན་དང་པོ་མངོན་འགྱུར་བྱེད་དགོས་པར་མ་ཟད། བབ་བསྟུན་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་བཏོད་ནས། བརྒྱ་ལོའི་འབད་འཐབ་དམིགས་འབེན་གཉིས་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་དུས་རིམ་གཉིས་སུ་བགར་ནས་བཀོད་སྒྲིག་བྱས་ཆོག་སྟེ། དུས་རིམ་དང་པོ་ནི་ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྨང་གཞིའི་སྟེང་། ཡང་བསྐྱར་ལོ་བཅོ་ལྔར་འབད་འཐབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་དགོས། དུས་རིམ་གཉིས་པ་ནི་ཉིས་སྟོང་སོ་ལྔ་ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་ཡིན་ལ། དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པའི་རྨང་གཞིའི་སྟེང་། ཡང་བསྐྱར་ལོ་བཅོ་ལྔར་འབད་འཐབ་བྱས་ཏེ་རང་རྒྱལ་འདི་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་འཛུགས་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས་ཏེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་དང་། གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་། ཞང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་མྱུར་དུ་འཐུས་ཚང་དུ་གཏོང་བ། ཁྱོན་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་བ་སྐྲུན་པ་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བའི་ནང་དོན་རྒྱས་བཤད་མཛད་པ་སྟེ། གཅིག་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཕན་ནུས་ལྡན་པར་གཅིག་གྱུར་བྱེད་དགོས། གཉིས་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་དགོས། གསུམ་ནི་སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། བཞི་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་གཏིང་ཟབ་ཏུ་སྤེལ་དགོས། ལྔ་ནི་སྒྲིག་གཞི་དང་སྲིད་འཛིན་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས། དྲུག་ནི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་གོང་འཕེལ་དུ་གཏོང་དགོས

ཞི་ཅིན་ཕིང་གིས་བསྟན་དོན། རིག་གནས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་དགོས་ཏེ། འདུ་ཤེས་འཛིན་སྟངས་བྱ་བའི་འགོ་ཁྲིད་དབང་ཆ་དམ་དུ་འཛིན་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིད་དང་ལག་ལེན་བྱེད་དགོས་ལ། བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་དང་། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་གོང་འཕེལ་དུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམངས་ཚིས་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་དགོས་ཏེ། སློབ་གསོའི་ལས་དོན་དམིགས་བསལ་དུ་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ལས་ཞུགས་ཀྱི་སྤུས་ཚད་དང་མི་དམངས་ཀྱི་ཡོང་སྒོའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ལ། སྤྱི་ཚོགས་འགན་སྲུང་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཤིང་། དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལས་ཡོངས་སུ་རྒྱལ་བར་བྱེད་དགོས་པ་དང་། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་དགོས་ལ། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་བསྐྲུན་དགོས་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་ནུས་ལྡན་པའི་སྲུང་སྐྱོབ་བྱེད་དགོས།

6.png

ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྙན་ཞུ་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་མྱུར་དུ་བཅོས་སྒྱུར་བྱས་ཏེ་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ཏེ། ལྗང་མདོག་གི་འཕེལ་རྒྱས་སྤེལ་བ་དང་། ཁོར་ཡུག་གི་གནད་དོན་འབུར་ཐོན་ཧུར་ཐག་གིས་ཐག་གཅོད་དགོས་ལ། སྐྱེ་ཁམས་མ་ལག་གི་སྲུང་སྐྱོབ་ཤུགས་ཚད་ཇེ་ཆེར་གཏོང་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་བཅོས་སྒྱུར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དར་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ཁྱོན་ཡོངས་ནས་སྤེལ་དགོས། ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དར་བསམ་བློ་ཁྱོན་ཡོངས་ནས་ལག་བསྟར་དང་། གནས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱས་ཏེ། སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་སྐམ་དམག་དང་མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག འཐབ་ཇུས་རྒྱབ་རོགས་དམག་དཔུང་བཅས་འཛུགས་སྐྲུན་བྱེད་དགོས་ལ། བློ་རྩ་བརྟན་ཞིང་ཕན་ནུས་མཐོ་བའི་འཐབ་ཇུས་མཉམ་འབྲེལ་འཐབ་མོའི་བཀོད་འདོམས་མ་ལག་འཛུགས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་འཐབ་འཛིང་མ་ལག་བཙུགས་ནས། ཏང་དང་མི་དམངས་ཀྱིས་གནང་བའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཁུར་དུ་ལེན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་བྱས་ཏེ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས། ཞང་ཀང་དང་ཨོ་མིན་གྱི་ཡུན་རིང་གི་དར་རྒྱས་བརྟན་འཇགས་རྒྱུན་འཁྱོངས་དང་། ཞང་ཀང་དང་ཨོ་མིན་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་འདྲེས་པ་རྒྱུན་འཁྱོངས། རྒྱལ་གཅེས་ཀང་གཅེས་ཨོ་གཅེས་ཀྱི་སྟོབས་ཤུགས་ཆེར་བསྐྱེད་བཅས་བྱས་ཏེ། ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླར་མེས་རྒྱལ་མི་དམངས་དང་མཉམ་དུ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་ཕྲག་ལ་ལེན་དུ་འཇུག་དགོས་པ་དང་། མེས་རྒྱལ་འབྱོར་ཕྱུག་དར་རྒྱས་ཀྱི་རླབས་ཆེན་གཟི་འོད་མཉམ་དུ་ཉམས་སུ་མྱོང་བར་བྱེད་དགོས། ཞི་བདེ་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་གོང་འཕེལ་དུ་བཏང་ནས། མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་ཁ་བྲལ་དུ་གཏོང་བའི་ལོ་རྒྱུས་ཀྱི་སྐྱོ་གར་ཡང་བསྐྱར་གཏན་ནས་འཁྲབ་ཏུ་འཇུག་མི་རུང་།

ཞི་ཅིན་ཕིང་གིས་བསྟན་དོན། ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་བྱ་བརྩི་སྲུང་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་རྒྱལ་ཁབ་སོ་སོའི་བར་གྱི་མཛའ་མཐུན་མཉམ་ལས་གོང་འཕེལ་དུ་བཏང་ནས། ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་དྲང་གཞག མཉམ་ལས་མཉམ་རྒྱལ་གྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་པ་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་ངེས་པར་དུ་བཟང་པོར་འཛིན་དགོས་པའི་ཕྱོགས་བརྒྱད་ཀྱི་ལས་འགན་གལ་ཆེན་རྒྱས་བཤད་མཛད་པ་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་གནས་དང་པོར་འཇོག་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་ཏང་ཡོངས་ལ་དྲག་ཆས་སྤྲས་པ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྲོལ་ངན་ཡོ་བསྲང་བྱེད་པ་དང་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བ། རུལ་སུངས་ངོ་རྒོལ་འཐབ་རྩོད་ཐད་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་བ་བཅས་རེད།

ཞི་ཅིན་ཕིང་གིས་སྙན་ཞུ་འབུལ་བའི་བརྒྱུད་རིམ་ཁྲོད་དུ། ཚོགས་ར་ཡོངས་སུ་ཐེངས་མང་པོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

7.png

ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྙན་ཞུ་ཕུལ།

ད་ལྟ་འགན་འཁུར་བཞིན་པ་དང་སྔོན་ཆད་འགན་ཁུར་མྱོང་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་ཏང་ཕྱིའི་མི་སྣ། པེ་ཅིན་དུ་ཡོད་པའི་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་པ། པེ་ཅིན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཁྲོད་ཀྱི་དམངས་གཙོའི་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པ། མི་རིགས་ཆོས་ལུགས་ལས་རིགས་བཅས་ཀྱི་མི་སྣ་སྐུ་མགྲོན་གྱི་ཚུལ་དུ་ཚོགས་ཆེན་ལ་ཟུར་ཞུགས་བྱས། ཏང་ནང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཡང་ཚོགས་ཆེན་ལ་ཟུར་ཞུགས་བྱས།

རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་སྟོང་གསུམ་ལྷག་གིས་ཚོགས་ཆེན་ཚོགས་འགོ་བརྩམས་པའི་གནས་ཚུལ་དྲིལ་སྒྲོག་བྱས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།