ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་ནས་གྲོལ་བ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

སྤེལ་དུས། 2017-10-25 01:24:01   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

 1.jpg

ཟླ༡༠པའི་ཚེས༢༤ཉིན།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁའི་ངང་གྲོལ།བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད།
2.jpg

ཟླ༡༠པའི་ཚེས༢༤ཉིན།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁའི་ངང་གྲོལ།འདི་ནི་ཞི་ཅིན་ཕིང་དང་།ལིས་ཁི་ཆང་།ཀྲང་ཏི་ཅང་།ཡུས་ཀྲིན་ཧྲིན།ལིའུ་ཡུན་ཧྲན།ཝང་ཆི་ཧྲན།ཀྲང་ཀའོ་ལིས།ཅང་ཙེ་མེན།ཧུའུ་ཅིན་ཐའོ་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པས་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་གྲོས་ཆོད་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད། «ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན»སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་རྗེས། ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁའི་ངང་གྲོལ།

ཚོགས་ཆེན་སྟེང་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་བཅས་བྱས་ཏེ། ཡར་བརྩོན་ལྷོད་མེད་དང་དཀའ་སྤྱད་ཧུར་ཐག་གིས་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་དང་། མེས་རྒྱལ་གྱི་གཅིག་གྱུར་ཡོངས་འགྲུབ་བྱེད་པ། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་དང་ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་བཅས་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ་མངོན་འགྱུར་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྒུག་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་མུ་མཐུད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བཏང་།

བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད།

ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། མཱ་ཁའེ། ཝང་ཧུའུ་ཉིན། ལིའུ་ཡན་ཏུང་། ལིའུ་ཆི་པའོ། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཅན་གོ། ལིས་ཡོན་ཁྲའོ། ཝང་ཡང་། ཀྲང་ཁྲུན་ཞན། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། ཀྲའོ་ལི་ཅི། ཧུའུ་ཁྲུན་ཧྭ། ལིས་ཀྲན་ཧྲུའུ། གོ་ཅིན་ལུང་། ཧན་ཀྲིན། ཅང་ཙེ་མེན། ཧུའུ་ཅིན་ཐའོ། ལིས་ཕིན། ཀྲུའུ་རོང་ཅི། ལིས་རོས་ཧོན། ཝུའུ་པང་གོ། ཝུན་ཅ་པའོ། ཅ་ཆིན་ལིན། སུང་ཕིང་། ལིས་ལན་ཆིན། ཙིན་ཆིན་ཧུང་། ཝུའུ་ཀོན་ཀྲིན། ལིས་ཁྲང་ཁྲུན། ཧི་གོ་ཆང་།ཏུའུ་ཆིན་ལིན། ཀྲའོ་ཧུང་ཀྲུའུ། དབྱང་ཅིན་བཅས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

སྔ་དྲོའི་ཆུ་ཚོད་དགུའི་སྟེང་། ཚོགས་འདུ་གྲོལ་བའི་མཛད་སྒོ་དངོས་སུ་འགོ་བརྩམས།

ཚོགས་ཆེན་ལ་འབྱོར་དགོས་པའི་འཐུས་མི་དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི་སྟོང་གཉིས་དང་སུམ་བརྒྱ་ང་བཞི་ཡོད་ལ། མི་སྟོང་གཉིས་དང་སུམ་བརྒྱ་སོ་དྲུག་ཚོགས་ཐོག་ཏུ་འབྱོར། དངོས་སུ་ཚོགས་ཐོག་ཏུ་འབྱོར་བའི་འཐུས་མིའི་གྲངས་ཀ་དེ་འབྱོར་དགོས་པའི་འཐུས་མིའི་གྲངས་ཀའི་ཕྱེད་ཀ་ལས་བརྒལ་བས། ཚོགས་ཆེན་གྱི་འདེམ་བསྐོའི་བྱེད་ཐབས་ཀྱི་གཏན་ཁེལ་དང་མཐུན།

གྲོས་ཚོགས་སྟེང་ཐོག་མར་སྤྱིའི་འདེམ་ཤོག་ལྟ་སྐུལ་པ་གཉིས་དང་འདེམ་ཤོག་ལྟ་སྐུལ་པ་སོ་དྲུག་གི་མིང་ཐོ་ལ་གྲོས་འཆམ་བྱུང་།

སྤྱིའི་འདེམ་ཤོག་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པའི་ལྟ་སྐུལ་འོག་ཏུ། ཚོགས་འདུར་ཞུགས་པའི་འཐུས་མི་དང་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མིས་མིང་མི་འགོད་པར་འདེམ་ཤོག་འཕེན་པའི་བྱེད་ཐབས་སྤྱད་དེ་ཨུ་ཡོན་ཉིས་བརྒྱ་དང་བཞི་དང་། རྗེས་སྣོན་ཨུ་ཡོན་བརྒྱ་དང་དོན་གཉིས་ཀྱིས་གྲུབ་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བརྒྱ་དང་སོ་གསུམ་བདམས་ཐོན་བྱུང་།

ཆུ་ཚོད་བཅུ་གཅིག་དང་སྐར་མ་བཅུ་གཉིས་སྟེང་། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དེ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བདམས་ཐོན་བྱུང་བ་བསྒྲགས་པ་ན། ཚོགས་ར་ཡོངས་སུ་དུས་ཡུན་རིང་པོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

དེའི་རྗེས་སུ། ཚོགས་ཆེན་སྟེང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཚོགས་ཆེན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་སྙན་ཞུ་ལ་ཆོག་མཆན་བཀོད། གྲོས་ཆོད་ནང་དུ། སྙན་ཞུས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་རླབས་ཆེན་འཆར་གཞི་ལ་ཇུས་འགོད་བྱས་ཡོད་པ་དང་། ཏང་དང་རྒྱལ་ཁབ་ལས་དོན་གྱི་མདུན་སྐྱོད་ཁ་ཕྱོགས་སྔར་ལས་གསལ་པོར་བསྟན་ཡོད་པ་ནི། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་། ང་ཚོའི་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་བསྒྲགས་གཏམ་དང་འགུལ་སྐྱོད་རྩ་འཛིན་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཡིན་ཞེས་བསྟན་ཡོད།

ཚོགས་ཆེན་སྟེང་བལྟས་ན། སྙན་ཞུའི་ནང་དུ་རྒྱས་བཤད་བྱས་པའི་ཚོགས་ཆེན་གྱི་བརྗོད་གཞི་ནི་ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཤུགས་སྐྱེད་སྟོབས་སྤེལ་དང་གསར་སྤེལ་མདུན་སྐྱོད་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པས། ཏང་ཡོངས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་དམ་པོར་བཅངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོ་སྒྲེང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པར་འདོད།

ཚོགས་ཆེན་སྟེང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བར་གདེང་འཇོག་མཐོན་པོ་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལོ་ལྔ་ནི། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཆེས་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ལ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཡིན་པ་དང་། ལོ་ལྔའི་རིང་གི་འཕོ་འགྱུར་ནི་རིམ་པ་ཟབ་པ་དང་གཞི་རྩ་རང་བཞིན་གྱི་འཕོ་འགྱུར་ཡིན་ཞེས་བསྟན།

ཚོགས་ཆེན་སྟེང་ནན་གྱིས་བསྟན་དོན། དུས་ཡུན་རིང་པོར་འབད་བརྩོན་བྱས་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་ཞུགས་པ་དང་། འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཕྱོགས་མཚམས་གསར་པ་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་ཞུགས་པས། རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེར་གོང་དུ་འཕེལ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་པ་དང་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་རུ་གྱུར་ཡོད། རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོའི་འགྱུར་ལྡོག་ནི་ཁྱོན་ཡོངས་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཡིན་པ་དང་། དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་བར་རེ་བ་གསར་པ་མང་པོ་བཏོན་ཡོད།

ཚོགས་ཆེན་སྟེང་ནན་གྱིས་བསྟན་དོན། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅི་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དུས་རབས་ཀྱི་དཔྱད་གཞི་གལ་ཆེན་འདི་ལ་ལན་འདེབས་པར་དམིགས་ནས། ང་ཚོའི་ཏང་གིས་མཐོང་རྒྱ་གསར་པར་བརྟེན་ནས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་སྟེ། དཀའ་སྤྱད་ཀྱིས་རིགས་གཞུང་ཉམས་ཞིབ་བྱས་པ་དང་། གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་བླངས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་གསར་འཛུགས་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཛིན་དང་གོང་སྤེལ་དུ་བཏང་བ་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་ཆེས་གསར་པ་ཡིན་ལ། ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པ་དང་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་དགོས།

ཚོགས་ཆེན་སྟེང་ནན་གྱིས་བསྟན་དོན། ཏང་གིས་བྱ་བ་ཡོད་ཚད་ལ་འགོ་ཁྲིད་པ་རྒྱུན་འཁྱོངས་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས། འཕེལ་རྒྱས་ཁྲོད་ནས་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བཅས་རྒྱུན་འཁྱོངས་བཅུ་བཞི་པོ་འདི་ནི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་ཡིན་པས། ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་དང་མི་དམངས་ཀྱི་ལས་དོན་གོང་འཕེལ་ལ་སྣེ་ཁྲིད་སྔར་ལས་བཟང་པོ་བྱེད་དགོས།

ཚོགས་ཆེན་སྟེང་ད་ནས་ཉིས་སྟོང་ཉི་ཤུ་ལོའི་བར་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་སྐབས་ཡིན་ཞེས་བསྟན། ཚོགས་ཆེན་སྟེང་བལྟས་ན། ཚོགས་ཆེན་བཅུ་དགུ་པ་ནས་ཚོགས་ཆེན་ཉི་ཤུ་པའི་བར་ནི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་མཉམ་དུ་སྦྲེལ་བའི་དུས་སྐབས་ཡིན་པས། ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱས་ཏེ་བརྒྱ་ལོའི་འབད་འཐབ་དམིགས་འབེན་དང་པོ་མངོན་འགྱུར་བྱེད་དགོས་པར་མ་ཟད། བབ་བསྟུན་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་བཏོད་ནས། བརྒྱ་ལོའི་འབད་འཐབ་དམིགས་འབེན་གཉིས་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་དང་རང་རྒྱལ་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ན། ཉིས་སྟོང་ཉི་ཤུ་ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་དུས་རིམ་གཉིས་སུ་བགར་ནས་བཀོད་སྒྲིག་བྱས་ཆོག་སྟེ། དུས་རིམ་དང་པོ་ནི་ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྨང་གཞིའི་སྟེང་། ཡང་བསྐྱར་ལོ་བཅོ་ལྔར་འབད་འཐབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་དགོས། དུས་རིམ་གཉིས་པ་ནི་ཉིས་སྟོང་སོ་ལྔ་ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་ཡིན་ལ། དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པའི་རྨང་གཞིའི་སྟེང་། ཡང་བསྐྱར་ལོ་བཅོ་ལྔར་འབད་འཐབ་བྱས་ཏེ་རང་རྒྱལ་འདི་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་འཛུགས་སྐྲུན་བྱེད་དགོས།

ཚོགས་ཆེན་སྟེང་དུ་སྙན་ཞུའི་ནང་གི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཐད་ཀྱི་བཀོད་སྒྲིག་ལ་འཐད་པ་བྱུང་།

ཚོགས་ཆེན་སྟེང་ནན་གྱིས་བསྟན་དོན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དར་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དམག་དར་བསམ་བློ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། གནས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ཁྱོན་ཡོངས་ནས་སྤེལ་བ་བཅས་བྱས་ཏེ། མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་འཛུགས་སྐྲུན་བྱེད་དགོས།

ཚོགས་ཆེན་སྟེང་ནན་གྱིས་བསྟན་དོན། ཞང་ཀང་དང་ཨོ་མིན་གྱི་དུས་ཡུན་རིང་པོའི་དར་རྒྱས་གཏན་འཇགས་སྲུང་འཛིན་བྱེད་དགོས་ན། ངེས་པར་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཞང་ཀང་བས་ཞང་ཀང་སྐྱོང་བ། ཨོ་མིན་པས་ཨོ་མིན་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་ཡང་དག་པར་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། གཟབ་ནན་གྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་བྱ་བ་སྒྲུབ་སྟེ། ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླར་མེས་རྒྱལ་མི་དམངས་དང་མཉམ་དུ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་ཕྲག་ལ་ལེན་དུ་འཇུག་དགོས་པ་དང་། མེས་རྒྱལ་འབྱོར་ཕྱུག་དར་རྒྱས་ཀྱི་རླབས་ཆེན་གཟི་འོད་མཉམ་དུ་ཉམས་སུ་མྱོང་དུ་འཇུག་དགོས། ངེས་པར་དུ་ཞི་བདེ་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་རིག་གནས་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མཉམ་དུ་ཀྲུང་ཧྭའི་རིག་གནས་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། མེས་རྒྱལ་གྱི་ཞི་བདེ་གཅིག་གྱུར་འཕེལ་རིམ་ལ་ཡར་སྐུལ་བྱེད་པ་བཅས་བྱེད་དགོས་པ་ལས། མི་སུ་ཞིག་དང་རྩ་འཛུགས་ཅི་ཞིག སྲིད་ཏང་གང་ཞིག་བཅས་ཀྱིས་དུས་ནམ་ཞིག་དང་ཐབས་ཤེས་ཅི་ཞིག་སྤྱད་དེ་ཀྲུང་གོའི་མངའ་ཁོངས་གང་ཞིག་ཀྱང་ཀྲུང་གོ་ལས་ཁ་བྲལ་དུ་གཏན་ནས་བཏང་མི་ཆོག

ཚོགས་ཆེན་སྟེང་སྙན་ཞུའི་ནང་དུ་རྒྱལ་སྤྱིའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་ཕྱི་ཕྱོགས་བྱ་བར་བཏོན་པའི་བྱེད་ཕྱོགས་ལ་འཐད་པ་བྱུང་ནས། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཡར་སྐུལ་གང་ལེགས་བྱེད་རྒྱུ་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་དང་འཛུགས་སྐྲུན་ལ་ཧུར་ཐག་གིས་ཞུགས་ཏེ། ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་དྲང་གཞག མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་དཀྱེལ་ཡངས། དག་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་རྒྱུ་ཡིན།

ཚོགས་ཆེན་སྟེང་ནན་གྱིས་བསྟན་དོན། ཁྲོ་ཡི་རིལ་བུ་ཟ་ན་རྣོ་ཡི་མཆེ་བ་དགོས། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ནི། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་པ་དང་། ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་དུས་ཡུན་རིང་པོའི་སྲིད་འཛིན་ནུས་པའི་འཛུགས་སྐྲུན་དང་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་སྤྱིའི་བཀོད་འདོམས་སུ་བརྩི་བ་དང་། ཕུགས་བསམ་དང་ཡིད་ཆེས། དམིགས་བྱ་བརྟན་པོ་གཞི་རྩ་རུ་བྱེད་པ། ཏང་ཡོངས་ཀྱི་ཡར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་རྒྱུ་ཤུགས་འདོན་སར་བརྩི་བ་བཅས་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། ཀུན་སྤྱོད་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ཁྱོན་ཡོངས་ནས་སྤེལ་བ་དང་། ལམ་ལུགས་འཛུགས་སྐྲུན་དེའི་ཁྲོད་དུ་འདྲེས་པར་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། ཏང་གི་འཛུགས་སྐྲུན་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་བཅས་བྱས་ནས། ཏང་འདི་དུས་རྟག་ཏུ་དུས་རབས་ཀྱི་སྔོན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱིས་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་ཐོབ་པ། རང་ཉིད་གསར་བརྗེ་བྱེད་ཕོད་པ། ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ཉམས་སུ་ལེན་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་དུ་འཛུགས་སྐྲུན་བྱེད་དགོས།

ཚོགས་ཆེན་སྟེང་ནན་གྱིས་བསྟན་དོན། ཏང་ཡོངས་ཀྱིས་ངེས་པར་དུ་ཆབ་སྲིད་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཆབ་སྲིད་ལམ་ཕྱོགས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་པ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ་བཅས་བྱས་ཏེ། ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་རྩ་དོན། ཆབ་སྲིད་བགྲོད་ལམ་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས།

ཚོགས་ཆེན་སྟེང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཚོགས་ཆེན་སྟེང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས།

ཚོགས་ཆེན་སྟེང«ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན»སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས།བཟོ་བཅོས་འཆར་ཟིན་དེར་གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་ནུས་པ་ལྡན་པའི་ཐག་བཅད།

ཚོགས་ཆེན་སྟེང་བལྟས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ནི།མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཛིན་དང་གོང་སྤེལ་དུ་བཏང་བ་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་ཆེས་གསར་པ་ཡིན་ལ། ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པ་དང་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་དགོས། ཚོགས་ཆེན་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དེ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་དང་མཉམ་དུ་ཏང་གི་འགུལ་སྐྱོད་ཕྱོགས་སྟོན་དུ་གཏན་ཁེལ་བྱེད་པར་ཚང་མ་འཐད་པ་བྱུང་། ཚོགས་ཆེན་སྟེང་ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་བཀོལ་ནས་བསམ་སྦྱོར་གཅིག་གྱུར་བྱེད་པ་དང་། དེ་སློབ་སྦྱོང་ལག་ལེན་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་བཏང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་རུ་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་ཏང་གི་འཛུགས་སྐྲུན་གྱི་ཕྱོགས་སོ་སོ་ནས་མཚོན་པར་བྱེད་དགོས།

ཚོགས་ཆེན་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་བཅས་དང་མཉམ་དུ་ཏང་གི་སྒྲིག་ཡིག་ཏུ་འགོད་པར་འཐད་པ་བྱུང་ལ། དེ་ཏང་ཡོངས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གོ་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པར་ཕན་པ་ཡོད། ཚོགས་ཆེན་སྟེང་ནན་གྱིས་བསྟན་དོན། ཏང་ཡོངས་ཀྱི་བློ་མཐུན་གྱིས་ཏང་གིས་དཀའ་སྤྱད་གསར་གཏོད་བྱས་པའི་བགྲོད་ལམ་འདི་དང་། གཞུང་ལུགས་མ་ལག་འདི། ལམ་ལུགས་འདི། རིག་གནས་འདི་བཅས་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་པ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དར་ཆ་མཐོན་པོར་སྒྲེང་བ་དང་། བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་ཇེ་བརྟན་དུ་བཏང་སྟེ། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ལག་ལེན་མཐར་ཕྱིན་བྱེད་དགོས།

ཚོགས་ཆེན་སྟེང་བལྟས་ན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཉེ་རབས་ཀྱི་ཚུན་ལ་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཡིན་པ་དང་། ང་ཚོའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་གཟི་བརྗིད་ཀྱི་དམ་བཅའ་ཡིན་པར་འདོད། ཚོགས་ཆེན་སྟེང་ཏང་གི་སྒྲིག་ཡིག་ནང་དུ་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་དམིགས་འབེན་གསལ་པོར་འགོད་པར་འཐད་པ་བྱུང་།

ཚོགས་ཆེན་སྟེང་བལྟས་ན། ཏང་གི་ཚོགས་ཆེན་བཅུ་དགུ་པས་བསྒྲགས་པའི་རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེར་གོང་དུ་འཕེལ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་པ་དང་དོ་མི་མཉམ་ལ་ཕུན་སུམ་ཚོགས་པ་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་རུ་གྱུར་བའི་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་གྱིས་རང་རྒྱལ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ཀྱི་གནས་ཚུལ་མཚོན་ཡོད་ལ། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་གལ་ཆེན་དང་ཡུན་རིང་གི་འཐབ་ཇུས་གཏན་འབེབས་བྱེད་པའི་གཞི་འཛིན་ས་གལ་ཆེན་ཡིན་པས། དེ་གཞིར་ནས་ཏང་གི་སྒྲིག་ཡིག་ལ་འོས་འཚམ་གྱི་བཟོ་བཅོས་བྱེད་དགོས་པར་འདོད།

ཚོགས་ཆེན་སྟེང་བལྟས་ན། རྒྱལ་དམངས་དཔལ་འབྱོར་སྔར་ལས་སྤུས་བཟང་དང་སྔར་ལས་ནུས་ལྡན། སྔར་ལས་འདྲ་མཉམ། སྔར་ལས་རྒྱུན་སྲིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཏོང་དགོས་ན། བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་སྔར་ལས་གཙིགས་འཛིན་བྱེད་པ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ཏུ་འགོད་དགོས་ལ། དེ་ཏང་ཡོངས་ཀྱི་བསམ་བློ་དང་སྦྱོར་བ་ཏང་ཀྲུང་དབྱང་གི་ཚན་རིག་བརྡར་གཅོད་དང་འཐབ་ཇུས་བཀོད་སྒྲིག་སྟེང་དུ་གཅིག་གྱུར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཛིན་པ་དང་དེ་ལག་བསྟར་བྱས་ཏེ། རྒྱུན་ཆད་མེད་པར་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་རྣམ་པ་སྐྲུན་པར་ཕན་པ་ཡོད་པར་འདོད།

ཚོགས་ཆེན་སྟེང་བལྟས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཐད་ལ་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ཡོད། ནང་དོན་དེ་དག་ཕུན་སུམ་ཚོགས་པར་གཏོང་བ་ནི། ཏང་ཡོངས་ཀྱིས་སྔར་ལས་རང་རྟོགས་དང་སྔར་ལས་འགྱུར་མེད་སྒོས་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ལག་ལེན་མཐར་ཕྱིན་བྱས་ཏེ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་བྱེད་པར་ནུས་པ་ཧ་ཅང་གལ་ཆེན་ལྡན་པར་འདོད།

ཚོགས་ཆེན་སྟེང་བལྟས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་མེས་རྒྱལ་གཅིག་གྱུར། འཐབ་ཕྱོགས་གཅིག་གྱུར། ཕྱི་འབྲེལ་བྱ་བ་བཅས་ཀྱི་ཐད་བསམ་བློ་དང་ལྟ་བ་རབ་དང་རིམ་པ་བཏོན་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དར་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འདྲ་མཉམ་མཐུན་སྒྲིལ་དང་རོགས་རེས་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བར་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་པ་བཅས་ཀྱི་ཐད་ཁ་ཕྱོགས་གསལ་པོ་བསྟན་ཡོད། ནང་དོན་དེ་དག་ཕུན་སུམ་ཚོགས་པར་བཏང་ན། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པར་ཤུགས་སྣོན་པ་དང་རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་ཕན་པ་ཡོད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པར་ཕན་པ་ཡོད་ཅིང་། རང་རྒྱལ་གྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་ཆུ་ཚད་ཇེ་མཐོར་གཏོང་བར་ཕན་པ་ཡོད་པར་འདོད།

ཚོགས་ཆེན་སྟེང་བལྟས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོའི་ཏང་གིས་ཁྱོན་ཡོངས་ནས་ཏང་ཏན་ཏིག་གིས་བཅོས་སྐྱོང་ནན་མོ་བྱས་ཏེ། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ནས་ཁྱོན་ཡོངས་ཀྱི་འཚོལ་ཞིབ་བྱས་ནས། ཉམས་མྱོང་ཕུན་སུམ་ཚོགས་པ་དང་གྲུབ་འབྲས་ཆེན་པོ་མང་པོ་བླངས་ཡོད་པ་དེ་དག་ངེས་པར་དུ་དུས་ལྟར་ཏང་གི་སྒྲིག་ཡིག་ནང་དུ་མཚོན་པར་བྱས་ནས། ཏང་ཡོངས་ཀྱི་ཐུན་མོང་འདོད་བློ་དང་ཐུན་མོང་བསྲུང་བྱ་རུ་འགྱུར་བར་བྱེད་དགོས་པར་འདོད།

ཚོགས་ཆེན་སྟེང་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་གཤིས་སུ་གྲུབ་པའི་ཁྱད་ཆོས་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་ཆེས་ཆེན་པོ་ཡིན། ཏང་སྲིད་དམག་དམངས་སློབ་མ་གང་ཡིན་ཞིང་ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་གང་ཡིན་རུང་། ཏང་གིས་ཡོད་ཚད་ལ་འགོ་ཁྲིད་བྱེད་པར་འདོད། ཚོགས་ཆེན་སྟེང་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་འདི་ཏང་གི་སྒྲིག་ཡིག་ཏུ་འགོད་པར་འཐད་པ་བྱུང་།

ཚོགས་ཆེན་སྟེང་བལྟས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་གི་བྱ་བ་དང་ཏང་གི་འཛུགས་སྐྲུན་གྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་སྤྱི་སྡོམ་དང་བསྡུ་ལེན་བྱེད་པ་མ་ཟད། དེ་སྤྱིའི་རྩ་འཛིན་གྱི་ནང་དོན་བཟོ་བཅོས་བྱེད་པ་དང་སྦྲེལ་ནས། ཏང་གི་སྒྲིག་ཡིག་གི་དོན་ཚན་ཁ་ཤས་ལ་འོས་འཚམ་གྱི་བཟོ་བཅོས་བྱེད་པ་ནི་དགོས་མཁོ་ཧ་ཅང་ཆེ་བར་འདོད།

ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས། ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། འཐུས་མི་ཡོངས་རྫོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ནས། ཐེངས་འདིའི་ཚོགས་ཆེན་ནི་ཐོག་མའི་སེམས་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་དམ་པོར་བཅངས་པ། དར་ཆ་མཐོན་པོར་སྒྲེང་བ། མཐུན་སྒྲིལ་མདུན་སྐྱོད་བྱེད་པ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་བསྡུས། ཚོགས་ཆེན་སྟེང་གྲོས་འཆམ་བྱུང་བའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་བཅས་མཛུབ་སྟོན་དུ་བཟུང་ནས། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་པ་དང་། འདས་པའི་ལོ་ལྔའི་བྱ་བ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཕྱིར་ལྟ་དང་སྤྱི་སྡོམ་བྱས་ཤིང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་རྒྱས་བཤད་ཟབ་མོ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་གཞི་རྩའི་ཇུས་གཞི་བཏོན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་འབྱེད་པའི་དམིགས་འབེན་གཏན་འབེབས་བྱས་ལ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་དང་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་སྤེལ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཏང་དང་རྒྱལ་ཁབ་ལས་དོན་གྱི་མདུན་སྐྱོད་ཁ་ཕྱོགས་སྔར་ལས་གསལ་པོར་བསྟན་ཡོད། ཚོགས་ཆེན་སྟེང་གྲོས་འཆམ་བྱུང་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བ་སྤྱི་སྡོམ་བྱས་ཏེ། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཡིག་གིས་གནང་བའི་འགན་ནུས་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱས་པ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ཇེ་དམ་དུ་བཏང་བ།རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འོས་འགན་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བ། སྐོར་སྐྱོད་ཀྱི་ནུས་པ་འདོན་སྤེལ་བྱས་པ། སྒྲིག་ཁྲིམས་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས་རུལ་སུངས་རྒྱ་ཡན་དུ་འགྲོ་བའི་གནས་བབ་ལ་མཐའ་གཅིག་ཏུ་བཀག་འགོག་བྱས་པ། ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་གཙང་མར་བསྒྱུར་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཐོ་གནོན་རང་བཞིན་གྱི་རྣམ་པ་ཆགས་པར་བྱས་པ་དང་དེ་སྲ་བརྟན་དུ་བཏང་བ་བཅས་ལ་ཁས་ལེན་གང་ལེགས་བྱས་ཡོད། ཚོགས་ཆེན་སྟེང་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཏང་གི་གཞུང་ལུགས་གསར་སྐྲུན་དང་ལག་ལེན་གསར་སྐྲུན། ལམ་ལུགས་གསར་སྐྲུན་བཅས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་མཚོན་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུས་གཏན་ལ་ཕབ་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་འཐབ་ཇུས་ཀྱི་བསམ་བློ་གལ་ཆེན་མཚོན་ཡོད་ལ། ལོ་འདི་འགའི་རིང་གི་ཏང་གི་འཛུགས་སྐྲུན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་མཚོན་ཡོད། དེས་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་བླང་བྱ་གསལ་པོ་བཏོན་ཡོད། ཚོགས་ཆེན་སྟེང་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ནས་རྙིང་ཚབ་གསར་བརྗེ་མངོན་འགྱུར་བྱས། ཚོགས་ཆེན་སྟེང་ད་དུང་སྐབས་གསར་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་། ང་ཚོ་ཐེངས་འདིའི་ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དང་། བླངས་པའི་གྲུབ་འབྲས་སྣ་ཚོགས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་བཏོད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་སྤེལ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་ཧ་ཅང་གལ་ཆེ་བའི་མཛུབ་སྟོན་དང་ཁག་ཐེག་གི་ནུས་པ་འདོན་ངེས་པར་ཡིད་ཆེས་ཀྱིས་ཁེངས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོ་ནི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཡིན་པའི་ཆ་ནས། འགན་འཁྲི་གཟི་བརྗིད་ལྡན་པ་དང་ལས་འགན་ཧ་ཅང་ལྕི་བས། ངེས་པར་དུ་ཏང་གི་ཐོག་མའི་སེམས་འདུན་དང་འགན་འཁྲི་སེམས་ལ་དམ་པོར་བཅངས་པ་དང་། རང་གི་ཕྲག་ཏུ་བབས་པའི་མཆོག་གྱུར་གྱི་འགན་ནུས་སེམས་ལ་དམ་པོར་བཅངས་ནས། ཏང་གི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་ནན་མོ་བྱེད་པ་དང་། ཏང་གི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་བཏོད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱས་ཏེ། སྔར་ལས་རང་རྟོགས་ཀྱིས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོབ་བཅས་བྱས་ནས། བསམ་བློ་དང་ཆབ་སྲིད། སྦྱོར་བ་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས་ལ། ངེས་པར་དུ་རྒྱ་ཆེའི་ཏང་ཡོན་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་དང་མི་དམངས་མང་ཚོགས་ཀྱི་རེ་འབོད་དུས་ལྟར་ཡར་ཞུ་བྱས་ཏེ། འཐུས་མིའི་དབང་ཆ་ཡང་དག་པར་ལག་བསྟར་བྱེད་དགོས་པ་དང་། རང་རྟོགས་ཀྱིས་ཏང་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། ངེས་པར་དུ་མིག་དཔེ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། རང་རྟོགས་ཀྱིས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལྟར་རང་ཉིད་བསྒྱུར་བཀོད་དང་མཐོར་འདེགས་བྱེད་པ་དང་། རང་འགུལ་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལག་ལེན་ཁྲོད་ཞུགས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་དུ་རང་གི་བློ་གྲོས་དང་སྟོབས་ཤུགས་འདོན་དགོས་པ་དང་། ཏང་ཡོན་ཡོངས་ལ་མིག་དཔེ་སྟོན་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་གྱི་ཡིད་ཆེས་སྟོང་ཟད་དུ་གཏོང་མི་རུང་།

ཞི་ཅིན་ཕིང་གིས་བསྟན་དོན། ཚོགས་ཆེན་གྱི་སྐབས་སུ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཚོགས་ཆེན་ལ་རྟེན་འབྲེལ་ཞུས། རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་དང་སྲིད་ཏང་། རྩ་འཛུགས། ད་དུང་ལས་རིགས་སོ་སོའི་མི་སྣ་བཅས་ཀྱིས་ཁ་པར་གཏོང་བ་དང་འཕྲིན་ཡིག་བསྐུར་ནས་ཚོགས་ཆེན་ལ་རྟེན་འབྲེལ་ཞུས་པས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཁོ་ཚོར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་གོ་དྲུག་འགོར་ཡོད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་རེ་བརྒྱད་འགོར་ཡོད་ལ། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་སོ་དགུ་འགོར་ཡོད། དུས་ཡུན་རིང་པོར་ང་ཚོའི་ཏང་གིས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་དང་བརྩོན་སེམས་ཞུམ་མེད་ཀྱིས་ཉལ་ཐའི་དམག་འཁྲུག་གི་རྗེས་ནས་ཀྲུང་གོ་རྙིང་པས་གཞན་གྱི་བརྙས་བཅོས་མྱོང་བའི་ཡ་ང་བའི་གནས་ཚུལ་རྩ་བ་ནས་བསྒྱུར་བ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་དབུལ་ཕོངས་ཉམ་ཐག་གི་ཡ་ང་བའི་གནས་ཚུལ་རྩ་བ་ནས་བསྒྱུར། ད་ལྟ་ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་ལ་སྙིང་སྟོབས་དང་སྤོབས་པ་ཆེན་པོས་ཁེངས་ཡོད་ལ། ང་ཚོའི་སྤྱི་ལེ་གྲུ་བཞི་མ་ཁྲི་དགུ་བརྒྱ་དྲུག་ཅུའི་མེས་རྒྱལ་གྱི་མངའ་ཁོངས་ལ་སྐྱེ་སྟོབས་དང་གསོན་ཤུགས་རྣམ་པར་རྒྱས་ཡོད། ང་ཚོའི་ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་ཤེས་རིག་ལ་བཀྲག་མདངས་དང་གཟི་དཔལ་རྒྱས་ཡོད་པ་དང་། ང་ཚོའི་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྟན་བརླིང་དང་གསོན་ཤུགས་ཀྱིས་ཁེངས་ཡོད་ཅིང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་རླབས་ཆེ་ཞིང་འོད་སྟོང་འབར་བའི་མདུན་ལྗོངས་ལྡན། འདི་ལྟ་བུའི་རླབས་ཆེན་གྱི་དུས་རབས་ཤིག་ཏུ་གནས་པར་ང་ཚོ་ལྷག་ཏུ་ཡིད་ཆེས་དང་དགའ་སྤྲོས་ཁེངས་འོས་པ་དང་མཉམ་དུ། ལས་འགན་ཧ་ཅང་ལྕི་བ་ཡང་གསལ་པོར་ཤེས་དགོས། ང་ཚོས་སྤོབས་པ་དང་ངར་ཤུགས་ལ་བརྟེན་ནས་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བསྐྲུན་པའི་ལོ་རྒྱུས་ཀྱི་རླབས་ཆེན་མཛད་རྗེས་ཀྱི་རྨང་གཞིའི་སྟེང་། དུས་རབས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་བསྐྲུན་ནས། གོམ་སྟབས་ཆེན་པོས་རེ་སྒུག་གིས་ཁེངས་པའི་མ་འོངས་པའི་ཕྱོགས་སུ་སྐྱོད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་འགན་འཁྲི་ནི། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་འབྱུང་བར་བྱེད་རྒྱུ་དེ་ཡིན། ཐོག་མའི་སེམས་འདུན་དང་འགན་འཁྲི་དེ་ནི་ཀྲུང་གོ་གུང་ཁྲན་ཏང་མི་རྣམས་ལ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་གཞི་རྩའི་སྒུལ་ཤུགས་ཡིན། ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་དུས་གཏན་དུ་མི་དམངས་དང་སྐྱིད་སྡུག་མཉམ་ཁུར་དང་ལས་དབང་མཉམ་འདྲེས། སེམས་པ་མཉམ་སྦྲེལ་བཅས་བྱས་ཏེ། དུས་གཏན་དུ་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྒུག་དེ་འབད་འཐབ་ཀྱི་དམིགས་འབེན་དུ་བརྩི་བ་དང་། ནམ་ཡང་ལྷོད་གཡེང་མི་བྱེད་པའི་བསམ་བློའི་རྣམ་འགྱུར་དང་ནམ་ཡང་ཞུམ་པ་མེད་པའི་འབད་བརྩོན་གྱི་འདུན་པ་བཅངས་ནས། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རླབས་ཆེན་དམིགས་འབེན་གྱི་ཕྱོགས་སུ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་དགོས། ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས། བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་གསར་སྐྲུན། ཡར་བརྩོན་ལྷོད་མེད། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་དགོས།

ཚོགས་ཆེན་གྱི་འདེམ་བསྐོའི་རྗེས་སུ། ད་ལྟ་འགན་འཁུར་ཡོད་པ་དང་སྔོན་ཆད་འགན་ཁུར་མྱོང་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་ཏང་ཕྱིའི་མི་སྣ། པེ་ཅིན་དུ་ཡོད་པའི་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ། པེ་ཅིན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཁྲོད་ཀྱི་དམངས་གཙོ་ཏང་ཁག་དང་། ཏང་ཁག་གང་ལའང་མི་གཏོགས་པ། མི་རིགས་ཆོས་ལུགས་ལས་རིགས་བཅས་ཀྱི་མི་སྣ་སྐུ་མགྲོན་གྱི་ཚུལ་དུ་ཚོགས་ཆེན་ལ་ཟུར་ཞུགས་བྱས། ཏང་ནང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཡང་ཚོགས་ཆེན་ལ་ཟུར་ཞུགས་བྱས།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་སྒྲའི་ཁྲོད་ནས་ཕུན་སུམ་ཚོགས་པར་གྲོལ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།