མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་ལྟ་ཞིབ་བཅའ་ཁྲིམས་ལ་སློབ་སྦྱོང་བྱས།
2018.03.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས་ནས། ཆེད་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་ལ་སློབ་སྦྱོང་བྱས།

ཚོགས་ཐོག་ཏུ། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན་ལ། ཏང་དང་མི་དམངས་ཀྱི་འདོད་བློའི་གཅིག་བསྡུས་ཀྱི་མཚོན་བྱེད་ཀྱང་ཡིན་པས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་གཏན་ཁེལ་བྱས་པའི་གཞུང་ལུགས་ལྟ་ཚུལ་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཁྲོད་བཞག་སྟེ། རྩ་ཁྲིམས་ཐད་ནས་བབ་བསྟུན་མདུན་སྐྱོད་བྱེད་པ་དང་འཐུས་ཚང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དེས། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱས་ཡོད་པ་མཚོན་ལ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་མཚོན་པ་དང་། ཏང་གི་ཡུན་རིང་བོར་སྲིད་འཛིན་པའི་གོ་གནས་དང་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་ཐད་ཕན་འདོགས་ཐུབ་པ་མ་ཟད། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་སྟོབས་དང་ལྡན་པའི་རྩ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ངེས། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་། སྤྱི་ཡོངས་དང་འབྲེལ་བའི་ཆབ་སྲིད་སྒྲིག་གཞིའི་བཅོས་བསྒྱུར་གལ་ཆེན་ཡིན། རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་གཏན་འབེབས་བྱས་པ་དེས། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གི་འདོད་བློ་དེ་ཁྲིམས་བཀོད་བརྒྱུད་རིམ་བརྒྱུད་དེ་རྒྱལ་ཁབ་ཀྱི་འདོད་བློ་རུ་བསྒྱུར་ལ། དེ་དང་མཉམ་དུ། རྩ་ཁྲིམས་བཟོ་བཅོས་ཐད་ནས་གཏན་ཁེལ་བྱས་པའི་ལྟ་ཞིབ་ལམ་ལུགས་སྔར་ལས་ཞིབ་ཕྲ་ཅན་དུ་བསྒྱུར་ཡོད་པས། ང་ཚོ་ཏང་གིས་རྩ་ཁྲིམས་ལྟར་སྲིད་འཛིན་པ་དང་། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་གསོན་པོ་ཡིན་ཟེར།

ཚོགས་ཐོག་ནས་བསྟན་དོན། ལྟ་ཞིབ་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་མིག་སྔའི་བྱ་བའི་གོ་གནས་གཙོ་བོར་བཞག་སྟེ་དམ་འཛིན་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། འདུ་ཤེས་བཞི་དང་རང་རྟོན་བཞི་ཇེ་དྲག་ཏུ་གཏོང་བའི་མཐོ་ཚད་ནས། ལྟ་ཞིབ་བཅའ་ཁྲིམས་ཀྱི་དགོངས་དོན་དང་ནང་དོན་གཙོ་བོར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱི་འགན་འཁྲི་གཏན་ཁེལ་ཁོང་དུ་ཆུད་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས། ཀྲུང་དབྱང་གི་བླང་བྱར་དམིགས་ནས། ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ་དང་། དཔེ་རིས་ལྟར་ལག་བསྟར་དང་རེའུ་མིག་ལྟར་རྗེས་འདེད་བྱེད་པ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། མིག་སྔའི་ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་ལས་འགན་གཙོ་བོར་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། བསླབ་པ་ལག་བསྟར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པས་མིག་དཔེའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། འགོ་ཁྲིད་དེ་ཁྲིམས་ལུགས་བརྩི་སྲུང་དང་བཀོལ་སྤྱོད་བྱེད་པ། ཁྲིམས་ལུགས་སློབ་སྦྱོང་བྱས་ནས། ལས་ཁུངས་ཡོངས་ནས་མྱུར་དུ་ལྟ་ཞིབ་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལྟེ་གནས་ཚན་ཆུང་གི་ཁོངས་མི། སྡེ་ཁག་སོ་སོ་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་སློབ་སྦྱོང་ཚོགས་འདུར་ཞུགས།