ཝང་ཅན་ཅོན་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་ལས་གཞི་གལ་ཆེན་ལག་བསྟར་བྱེད་འགོ་རྩོམ་པའི་བྱ་བར་རྟོག་ཞིབ་བྱས།
2018.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྲ་མ་ལུང་ནས་རིག་སྨོན་བར་གྱི་གཞུང་ལམ་བསྒྱུར་བཀོད་དང་རྒྱ་སྐྱེད་བཟོ་སྐྲུན་ཡུལ་དངོས་དང་། ལའོ་ཁྲིན་ཀོན་ནས་ཟི་ལིང་བརྒྱུད་དེ་ཞང་སྐྱོང་གོང་མར་བགྲོད་པའི་གཞུང་ལམ་འཛུགས་སྐྲུན་ཡུལ་དངོས་སུ་སོང་ནས། 2018ལོའི་འགྲིམ་འགྲུལ་ལས་གཞི་འཛུགས་སྐྲུན་བྱེད་འགོ་རྩོམ་པ་དང་ཡང་བསྐྱར་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་དམ་དུ་དམིགས་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་བྱེད་པ། འགྲིམ་འགྲུལ་ཐད་ཀྱི་རྨང་གཞི་སྒྲིག་ཆས་དྲ་རྒྱ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཚད་གཞི་མཐོན་པོ་དང་རྒྱུ་སྤུས་མཐོ་བའི་སྒོ་ནས་ལོ་ཧྲིལ་བོའི་འགྲིམ་འགྲུལ་ལས་གཞི་གལ་ཆེན་འཛུགས་སྐྲུན་སྤེལ་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་སྔོན་བསྐྱོད་པ་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅོན་གྱིས་བསྟན་དོན། འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་འདོན་སྤྲོད་ཀྱི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་གི་འཚོ་བའི་ཐད་ཀྱི་རེ་བ་སྐོང་བ། དཔལ་འབྱོར་རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་ཐུབ། ལྷག་པར་དུ་མཚོ་སྔོན་ལྟ་བུའི་ས་རྒྱ་ཆེ་ཞིང་རྨང་གཞིའི་སྒྲིག་ཆས་བལྟོས་བཅས་ཀྱི་རྗེས་ལུས་ཡིན་པའི་ཞིང་ཆེན་ལ་མཚོན་ན། འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་རྒྱུ་སྤུས་བཅོས་བསྒྱུར་དང་ལས་ཆོད་བཅོས་བསྒྱུར། སྒུལ་ཤུགས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་འགྲོ་སྡོད་སྟབས་བདེ་རུ་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་བ། མི་དམངས་མང་ཚོགས་ཡིད་ཚིམ་པའི་འགྲིམ་འགྲུལ་འཛུགས་སྐྲུན་བྱེདཔ་དང་དེང་རབས་ཅན་གྱི་འགྲིམ་འགྲུལ་འཛུགས་སྐྲུན་བཅས་བྱེད་རྒྱུ་ནི་དེ་ལས་དགོས་གལ་ཆེ་བ་ཞིག་རེད་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་སྣེ་ཁྲིད་དང་འདེགས་སྐྱོར། འགན་སྲུང་གི་ནུས་པ་གལ་ཆེན་བཏོན་པ་དང་། ད་ལོར་ཞིང་ཆེན་ཡོངས་ནས་ཡང་བསྐྱར་འགྲིམ་འགྲུལ་འཛུགས་སྐྲུན་ལས་གཞི་སྐོར་ཞིག་འཛུགས་སྐྲུན་བྱས་ཏེ། ཕན་ཡོད་པའི་སྒོ་ནས་དངུལ་གཏོང་ལ་སྐུལ་འདེད་གཏོང་བ་དང་འདོན་སྤྲོད་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་བསྒྱུར་དང་འཕེལ་རྒྱས་ཀྱི་རྗེས་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་རེད་ཟེར།

ཡུས་ཚོང་ལི་དང་ཧན་ཅན་ཧྭ་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།