མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་མཉམ་དུ་བསྒྲུབས་པའི་སྐབས་གཉིས་པའི་ཞིང་ཆེན་ཡོངས་ཀྱི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་མཇུག་སྒྲིལ།
2018.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་མཉམ་དུ་བསྒྲུབས་པའི་སྐབས་གཉིས་པའི་ཞིང་ཆེན་ཡོངས་ཀྱི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་ལས་བྱེད་པ་བཞི་བཅུས་གཟའ་འཁོར་གཅིག་རིང་གི་ཉམས་ཞིབ་རྣམ་པའི་སློབ་ཁྲིད་བདེ་བླག་ངང་མཇུག་རྫོགས་ཤིང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་ཞིང་སྡེ་ལས་བྱེད་པའི་སློབ་གླིང་དུ་བརྗེ་རེས་སྤྱི་སྡོམ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་གཉིས་པའི་ཞིང་ཆེན་ཡོངས་ཀྱི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དེ་ཟླ་གསུམ་པའི་ཚེས་གཅིག་ཉིན་ཚོགས་འགོ་བརྩམས་པ་དང་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ན་གཞོན་ལས་བྱེད་པ་བཞི་བཅུས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་གཟའ་འཁོར་གསུམ་རིང་ལ་རིགས་གཞུང་སློབ་སྦྱོང་བྱས་ཤིང་། ཚེས་ཉེར་དྲུག་ཉིན་ཞིང་ཆེན་ཞིང་སྡེ་ལས་བྱེད་པའི་སློབ་གླིང་དུ་འབྱོར་ནས་གཟའ་འཁོར་གཅིག་རིང་ལ་ཞིང་ཁྱིམ་དུ་སོང་ནས་དམངས་ཚིས་དང་དམངས་དོན་ལ་ལྟ་ཞིབ་བྱས་པ་དང་། མང་ཚོགས་ཀྱི་སྐད་ཆར་ཉན་པ་དང་མང་ཚོགས་ཀྱི་དགོས་མཁོ་འདྲི་བ་སོགས་ཀྱི་ཉམས་ཞིབ་སློབ་སྦྱོང་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། སྐབས་འདིའི་གསོ་སྦྱོང་འཛིན་གྲྭའི་དམིགས་ཡུལ་གཙོ་བོ་ནི་ན་གཞོན་ལས་བྱེད་པའི་ཏང་གི་རིགས་གཞུང་ཆུ་ཚད་ཇེ་མཐོར་གཏོང་བ་དང་མར་ཁེ་སི་རིང་ལུགས་ཀྱི་རིགས་གཞུང་བྱང་ཚད་དང་ཏང་གཤིས་བྱང་ཚད་ཇེ་ཆེར་བཏང་ནས། གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་བ་དང་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་གཏོང་དགོས། དེ་ལས་གཙོ་བོ་མར་ཁེ་སི་རིང་ལུགས་ཀྱི་མ་རྩོམ་གྲགས་ཅན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་མ་ལག ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པ། ཏང་གཤིས་དང་སྤྱོད་གཙང་སྒོས་སྲིད་འཛིན་པའི་སློབ་གསོར་ཤུགས་སྣོན་དགོས་པར་མ་ཟད། ལག་ལེན་ཁྲོད་དུ་རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་གྱི་རིགས་གཞུང་གལ་ཆེན་དང་དངོས་ཡོད་གནད་དོན་ལ་ཞིབ་འཇུག་བྱེད་རྒྱུ་དེ་ཡིན་ཟེར།