ཀྲི་གུང་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས།
2018.07.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅོ་ལྔའི་ཉིན་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཕྱི་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཀྲི་གུང་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཚའོ་ཧུང་མིང་གིས་ཀྲི་གུང་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཚན་ཆུང་ཁྲིད་དེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བརྗོད་དོན་ལ་དམིགས་ནས་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་སྤེལ། རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་མཚོ་ནུབ་དང་མཚོ་ལྷོ། ཡུས་ཧྲུའུ་བཅས་སུ་སོང་ནས་ལྟ་ཞིབ་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་བཞུགས་མོལ་ཚོགས་འདུ་ལ་འགོ་འཛིན་བྱས་ནས་གཏམ་བཤད། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།

ཚའོ་ཧུང་མིང་གིས་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་མ་ཟད། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པའི་ཐད་ནས་བྱེ་བྲག་གི་རེ་བ་བཏོན། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ལྷག་པར་དུ་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་ཞིབ་འཇུག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གནོད་འཚེ་འགོག་བཅོས་ནུས་པ། གཞི་རིམ་ལྟ་སྐུལ་དོ་དམ་སྡེ་ཁག་གི་ནུས་པ་འཛུགས་སྐྲུན། ཚན་རིག་བརྒྱུད་སྒྲོག་དང་དྲིལ་སྒྲོག་སློབ་གསོ་བཅས་ལ་ཤུགས་སྣོན་པ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཁག་ཁུར་བྱེད་ཕོད་པ། རང་འགུལ་གྱིས་འབད་འཐབ་བྱེད་པ། རྟོག་ཞིབ་ཚན་ཆུང་གི་གྲོས་གཞི་བསམ་འཆར་ལ་སློབ་སྦྱོང་དང་བསྡུ་ལེན་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བཟང་བོ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་བཙུགས་ནས། མཛེས་སྡུག་གི་ཀྲུང་གོ་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཟེར།