ཝང་ཆི་ཧྲན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏི་སའེ་ལ་མཇལ་འཕྲད་གནང་།
2018.07.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 246

ཟླ7པའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏི་སའེ་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་བཅུ་བདུན་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏི་སའེ་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བར་དུ་མཉམ་ལས་བཟང་པོ་བྱེད་བཞིན་ཡོད། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་ཁུངས་ལ་འཚམས་འདྲི་མཛད་སྐབས། མི་དམངས་ཀྱི་བདེ་ཐང་དེ་དམིགས་བསལ་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་གནས་སུ་འཇོག་དགོས་ཞེས་ནན་གྱིས་བསྟན་ཡོད་ལ། ཀྲུང་གོ་སྲིད་གཞུང་གིས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས་ནས། འཕེལ་རྒྱས་ཀྱི་ཁྲོད་དུ་རྒྱུན་ཆད་མེད་པར་མི་དམངས་ཀྱི་བདེ་ཐང་ཆུ་ཚད་དང་བདེ་སྐྱིད་ཚོར་སྣང་ཇེ་མཐོར་གཏོང་བཞིན་ཡོད། ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམ་པ་སོ་སོ་ནས་བདེ་ཐང་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་དངོས་འབེབས་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད།ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བར་གྱི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།

ཐན་ཏི་སའེ་ཡིས་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་དུ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། ཕྱོགས་གཉིས་ཀྱི་རྒྱུད་གཅིག་ལམ་གཅིག་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་སོགས་ཀྱི་སྒྲོམ་གཞིའི་འོག་གི་འཐབ་ཇུས་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བསྟན།