ཞི་ཅིན་ཕིང་གིས་རུ་ཝང་ཏའི་ཙུང་ཐུང་དང་གྲོས་མོལ་མཛད།
2018.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 648

ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁི་ཀ་ལི་ནས་རུ་ཝང་ཏའི་ཙུང་ཐུང་ཁཱ་ཅ་མེ་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དེའི་དུས་ཚོད་ཚེས་ཉེར་གསུམ་ཉིན་ཁི་ཀ་ལི་ནས་རུ་ཝང་ཏའི་ཙུང་ཐུང་ཁཱ་ཅ་མེ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་གོ་དང་རུ་ཝང་ཏའི་བར་འབྲེལ་བ་བཙུགས་པའི་ལོ་ངོ་ཞེ་བདུན་རིང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། མཉམ་དུ་ཀྲུང་གོ་དང་རུ་ཝང་ཏའི་བར་གྱི་མཛའ་བརྩེ་མཉམ་ལས་ཀྱི་མ་འོངས་པར་འཆར་འགོད་བྱས་པ་མ་ཟད། མཐའ་གཅིག་ཏུ་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་སྐུལ་འདེད་གཏོང་རྒྱུར་འཐད་པ་བྱུང་ནས། ཀྲུང་གོ་དང་རུ་ཝང་ཏའི་མི་དམངས་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་སྐྲུན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་ནིང་གི་ཟླ་གསུམ་པར། ང་དང་ཙུང་ཐུང་སྐུ་ཞབས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཛའ་བརྩེ་མཉམ་ལས་ཐད་ནས་ཐུང་མོང་གི་ལྟ་བ་བྱུང་བ་དང་། ཀྲུང་གོ་དང་རུ་ཝང་ཏའི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་ལམ་བུ་སྐྱོད་པར་སྐུལ་འདེད་བཏང་། ཀྲུང་གོ་ཕྱོགས་ཀྱིས་རུ་ཝང་ཏ་ཕྱོགས་དང་མཉམ་དུ་འབད་འཐབ་བྱེད་པ་དང་། ཀྲུང་གོ་དང་རུ་ཝང་ཏའི་སྲོལ་རྒྱུན་གྲོགས་པོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཡོད་པའི་གྲུབ་འབྲས་སྔར་ལས་མང་པོ་རུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་མཉམ་ལས་འབྲེལ་བའི་ལེའུ་གསར་བ་འབྲི་འདོད་ཡོད་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་རུ་ཝང་ཏ་ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་སྣེ་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། ཕན་ཚུན་གྱིས་རང་བདག་སྒོས་འཕེལ་རྒྱས་ལམ་བུ་འདེམ་པར་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་སྟེང་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་། ཁ་གསབ་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། དངོས་གཉེར་མཉམ་ལས་ཀྱི་ཁོད་རྒྱ་དང་གཏིང་ཚད་རྒྱ་སྐྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རུ་ཝང་ཏ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཀྲུང་གོའི་ཁེ་ལས་རུ་ཝང་ཏ་རུ་སོང་ནས་དངུལ་གཏོང་ལས་དར་བྱས་ཏེ། རུ་ཝང་ཏ་བཟོ་ལས་ཅན་དང་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་གིན་ཡོད། མི་གཞུང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་དམངས་སེམས་གཅིག་ཏུ་འདྲེས་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་རུ་ཝང་ཏའི་དུས་ཡུན་རིང་བོའི་མཛའ་བརྩེ་ཐད་སྤྱི་ཚོགས་དང་དམངས་སེམས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། ཁྲིམས་སྐྱོང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་བྱ་བའི་ཁྲོད་ཀྱི་མཉམ་ལས་སྔར་ལས་དམ་ཟབ་ཏུ་གཏོང་བ། འཛམ་གླིང་རང་བཞིན་གྱི་གྲོས་དོན་གལ་ཆེན་སྟེང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ནས། ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཁཱ་ཅ་མེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རུ་ཝང་ཏ་རུ་འཚམས་འདྲི་བྱས་པར་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་སྐྱིད་སྡུག་མཉམ་མྱོང་བྱེད་ཆོག་པའི་བློས་ཐུབ་ཀྱི་གྲོགས་པོ་ཡིན་པ་དང་། ཀྲུང་གོའི་བར་གྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རུ་ཝང་ཏ་དང་ཨ་ཧྥེ་རི་ཁར་མཚོན་ན་ཧ་ཅང་གལ་ཆེ། རུ་ཝང་ཏས་ཀྲུང་གོས་ལོ་ངོ་མང་པོའི་རིང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་ལས། སློབ་གསོ་སོགས་ཁྱབ་ཁོངས་ནས་རོགས་རམ་བྱས་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། རོགས་རམ་དེ་དག་གིས་རུ་ཝང་ཏའི་བསྐྱར་འཛུགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བསྒྱུར་ཐད་བྱས་རྗེས་ཆེན་པོ་བཞག རུ་ཝང་ཏ་ཕྱོགས་ཀྱིས་ཀྲུང་གོའི་བར་རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་སྔར་ལས་དམ་ཟབ་ཏུ་གཏོང་འདོད་ཡོད་ལ། རྒྱུད་གཅིག་ལམ་གཅིག་གྲོས་གཞི་དེ་རུ་ཝང་ཏ་དང་ཨ་ཧྥེ་རི་ཁར་མཚོན་ན་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་། རུ་ཝང་ཏ་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞི་ནང་གི་མཉམ་ལས་ཁྲོད་ཞུགས་འདོད་ཡོད་ཟེར།

གྲོས་མོལ་གྲོལ་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོའི་གྲོས་མཐུན་འགོད་པར་བདེན་དཔང་བྱས་པ་མ་ཟད། མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ད་དུང་ཁི་ཀ་ལིའི་དམར་གསོད་ཆེན་མོ་ཁྲོད་ཀྱི་འདས་པོའི་རྗེས་དྲན་ཁང་ལ་ལྟ་སྐོར་མཛད།

ཏིང་ཞུའེ་ཞང་དང་དབྱང་ཅིའེ་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་གོང་གི་བྱ་འགུལ་དག་ལ་ཞུགས།