མཚོ་སྔོན་ཞིང་ཆེན་གྱི་བཟོ་ཚོགས་འཐུས་མིའི་ཚོགས་ཆེན་ཟི་ལིང་དུ་བསྡུས།
2018.08.17 ཁུངས། མཚོས་ྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན།   མཚོ་སྔོན་ཞིང་ཆེན་གྱི་བཟོ་ཚོགས་འཐུས་མིའི་ཚོགས་ཆེན་ཟི་ལིང་དུ་བསྡུས།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་ཚོགས་འདུར་མགོ་འཛིན་བྱས།

གྲོས་ཚོགས་སྟེང་ཀྲུང་གོའི་བཟོ་ཚོགས་སྒྲིག་ཡིག་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར།   ཀྲུང་གོའི་བཟོ་ཚོགས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པར་ཞུགས་པའི་འཐུས་མི་ཉི་ཤུ་གདམས་ཐོན་བྱུང་།

མཱ་ཅི་ཞའོ་ཡིས་འཐུས་མི་རྣམས་ཀྱིས་རིག་གཞུང་སློབ་སྦྱོང་ལ་ཤུགས་བསྣན་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་བ་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།   འདུ་ཤེས་བཞི་བརྟན་པོར་བཙུགས་ཏེ་ཡིད་ཆེས་བཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།  བཟོ་ཚོགས་བཅའ་ཁྲིམས་དང་ཀྲུང་གོའི་བཟོ་ཚོགས་སྒྲིག་ཡིག་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལ་གཟབ་ནན་གྱིས་སློབ་སྦྱོང་བྱས་ཏེ་བཟོ་ཚོགས་ཀྱི་གཞི་རྩའི་ཤེས་བྱར་རྒྱུས་ལོན་ཡང་དག་བྱེད་དགོས།   བརྟག་དཔྱད་ཞིབ་འཇུག་ལ་ཤུགས་བསྣན་ཏེ་གཞི་རིམ་དང་ཁེ་ལས།   ཚོགས་མིའི་ཁྲོད་ཟབ་ཞུགས་བྱས་ཏེ་བཟོ་ཚོགས་ལས་བྱེད་པ་དང་ཚོགས་མི་བཅས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན་ཏེ་གྲོས་ཚོགས་ལ་ཞུགས་སྐབས་ལས་འགན་ལག་བསྟར་བཟང་བོར་བྱེད་པ་དང་གྲ་སྒྲིག་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

རྒྱུས་ལོན་བྱུང་བ་ལྟར་ན།   བདམ་ཐོན་བྱུང་བའི་འཐུས་མི་ཉི་ཤུའི་ཁྲོད།   རིམ་པ་སོ་སོའི་བཟོ་ཚོགས་ཀྱི་ཆེད་བསྐོས་ལས་བྱེད་པའི་འཐུས་ཚབ་དང་དང་ཞོར་འགན་ཁུར་བའི་ལས་བྱེད་པའི་འཐུས་ཚབ།  ལས་རིགས་སོ་སོའི་སྔོན་ཐོན་དཔེ་ལེགས་མི་སྣའི་འཐུས་ཚབ།   ཁེ་ལས་དང་ལས་དོན་སྡེ་ཁག   སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ལས་བཟོ་བའི་འཐུས་ཚབ།   དེ་མིན་མཚོ་སྔོན་གྱི་ཐོན་ལས་གཙོ་བོ་དང་འཐེན་ཐུག་དཔལ་འབྱོར་སོགས་ཁྱད་ལྡན་ཐོན་ལས་ཁྱབ་ཁོངས་ཀྱི་འཐུས་ཚབ་བཅས་ཡོད་པ་དང་།   ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་སོ་སོར་ཁེབས་པར་བྱས་ཡོད་ལ།  འཐུས་ཚབ་རང་བཞིན་དྲག་པོ་ལྡན།     བདམ་ཐོན་བྱུང་བའི་འཐུས་མི་ཉི་ཤུས་ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ཚོགས་མི་ས་ཡ་གཅིག་དང་འབུམ་གསུམ་གྱི་ཚབ་བྱས་ཏེ་ད་ལོའི་ལོ་སྨད་ལ་པེ་ཅིན་ནས་བསྡུ་རྒྱུ་ཡིན་པའི་ཀྲུང་གོའི་བཟོ་ཚོགས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བདུན་པར་ཞུགས་རྒྱུ་རེད།