ལིས་ཁི་ཆང་གིས་དབྱི་མུའུ་ལན་ཧན་ལ་གློག་འཕྲིན་བཏང་སྟེ་ཁོ་རང་ཕ་ཁི་སི་ཐན་གྱི་ཙུང་ལི་ལ་བདམས་པར་རྟེན་འབྲེལ་ཞུས།
2018.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དབྱི་མུའུ་ལན་ཧན་ལ་གློག་འཕྲིན་བཏང་སྟེ་ཁོ་རང་ཕ་ཁི་སི་ཐན་གྱི་ཙུང་ལི་ལ་བདམས་པར་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་ནམ་ཟླའི་འགྱུར་ལྡོག་སྣ་ཚོགས་ཉམས་སད་ཐེག་པར་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་འགྲོ་བཞིན་ཡོད་པ་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དེས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན། ཁྱོད་ཀྱིས་བློ་ཐག་རྦད་ཆོད་སྒོས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་བསམ་ཚུལ་ལ་བདག་གིས་གཟེངས་བསྟོད་བྱེད་པར་མ་ཟད་ཁྱོད་དང་མཉམ་དུ་ཧ་ཅང་བཟང་བའི་བྱ་བའི་འབྲེལ་བ་དང་མི་སྒེར་བར་དུ་མཛའ་བཤེས་ཟབ་མོ་ཆགས་པར་བྱས་ཏེ། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་བར་དུ་ལས་སྐལ་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།