ཐེན་ཅིན་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེན་ཅིན་ནས་བསྡུས།
2018.08.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པས་ཐེན་ཅིན་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས། ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། ཐེན་ཅིན་དང་མཚོ་སྔོན་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཧུང་ཀྲུང་གིས་ཚོགས་འདུར་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གཏམ་བཤད། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཀྲང་གའོ་ཆིང་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་གཉིས་ཀྱིས་སོ་སོར་མཚོ་སྔོན་ཞིང་ཆེན་དང་ཐེན་ཅིན་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐད་ནས་ངོ་སྤྲོད་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་དང་ཐེན་ཅིན་གྲོང་ཁྱེར་གཉིས་ཀྱི་མི་དམངས་སྲིད་གཞུང་གི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད།

ལིས་ཧུང་ཀྲུང་གིས་ཐེན་ཅིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པར་དགའ་བསུ་བྱས། ཁོས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཐེངས་འདིར་མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ཐེན་ཅིན་དུ་ཡོང་ནས་རྟོག་ཞིབ་མཛུབ་སྟོན་བྱ་བ་སྤེལ་བ་དང་། མཉམ་དུ་མཉམ་ལས་འཆར་གཞི་ཆེན་མོར་ཇུས་འགོད་བྱས་པ་ནི། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་འགུལ་སྐྱོད་བྱེ་བྲག་ཡིན། ན་ནིང་གི་ཟླ་བརྒྱད་པར། ང་དང་ཐེན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་བློ་མཐུན་ཚོ་མཚོ་སྔོན་དུ་སོང་ནས་རྟོག་ཞིབ་སློབ་སྦྱོང་བྱེད་པའི་སྐབས་སུ། མཚོ་སྔོན་གྱི་རིམ་པ་སོ་སོའི་ལས་བྱེད་པའི་ཆབ་སྲིད་ལངས་གནས་མཐོ་ཞིང་ འདུ་ཤེས་བཞི་ཧ་ཅང་བརྟན་པོ་ཡིན་པ་དངོས་སུ་མཐོང་མྱོང་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ཀྱི་བྱ་བ་སྤེལ་ཤུགས་ཧ་ཅང་ཆེ་ཞིང་གྲུབ་འབྲས་ཆེན་པོ་བླངས་བ་དང་། ལྷག་པར་དུ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པའི་ཁོར་ཡུག་ཁྲོད་མངོན་པའི་མཚོ་སྔོན་གསར་བའི་སྙིང་སྟོབས་ཀྱིས་ང་ལ་ཡིད་སྨོན་འཆོར་དུ་བཅུག རྨ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཐེན་ཅིན་ལ་བསྩལ་པའི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་ལ། ང་ཚོའི་འགན་བབ་ཀྱི་བྱ་བ་དང་འཁུར་འོས་པའི་འགན་ཁུར་ཡིན་པས། ཐེན་ཅིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་བརྟན་བརླིང་ངང་སྤེལ་རྒྱུ་ཡིན། གཅིག་ནས་ འགྲིག་སྐོར་གཅིག་གི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་དེ་ཐེན་ཅིན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ། འཆར་འགོད་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང། སྟེགས་བུ་དང་ཐོན་ཁུངས་མཉམ་སྤྱོད་བྱེད་དགོས། གཉིས་ནས་རིམ་སྤོར་ཤུགས་འདོན་དང་གནད་ཕིགས་ཤུགས་འདོན་བྱེད་པ་དང་། སློབ་གསོ་དང་འཕྲོད་བསྟེན། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཤུགས་བསྣན་ནས། དམངས་ཚིས་ལ་མཐོང་ཆེན་བྱེད་པ་དང་། གནད་ལ་འཁེལ་བའི་སྒོ་ནས་ཤུགས་འདོན་དགོས། གསུམ་ནས་ཚད་ཡོད་དང་ཚད་མེད་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཚད་ཡོད་ཀྱི་ནོར་སྲིད་མ་དངུལ་བཀོལ་སྤྱོད་བཟང་བོ་བྱེད་པ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་ཚད་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས། གྲོང་ཁྱེར་ཡོངས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་ལ་སྐུལ་སློང་བྱེད་པ་དང་། རིག་ནུས་ཐོན་ཁུངས་དང་ཚན་རྩལ་ཞིབ་འཇུག་གསར་སྤེལ་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། མི་རིགས་སོ་སོའི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས། བཞི་ནས་རོགས་སྐྱོར་ཤུགས་ཆེན་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ལས་རིགས་ལག་རྩལ་གསོ་སྦྱོང་ལ་ཤུགས་བསྣན་ནས། ས་གནས་དེའི་འཕེལ་རྒྱས་ཀྱི་རྗེས་ཤུགས་ཇེ་དྲག་ཏུ་གཏོང་དགོས། ལྔ་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྦྱོང་བརྡར་བཟང་བོ་བྱེད་པར་སྐུལ་འདེད་བཏང་སྟེ། རོགས་སྐྱོར་བྱེད་སའི་ས་ཁུལ་གྱི་མང་ཚོགས་ཀྱི་སྐྱིད་སྣང་ཇེ་མཐོར་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས། ཐེན་ཅིན་གྲོང་ཁྱེར་གྱིས་ལོ་ངོ་མང་པོའི་རིང་མཚོ་སྔོན་ལ་རོགས་སྐྱོར་བླ་མེད་བྱས་པར་སེམས་གཏིང་ནས་བཀའ་དྲི་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཚོ་སྔོན་ལ་གནང་པའི་དམིགས་བསལ་ཐུགས་ཁུར་དང་། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་བཅངས་པའི་བརྩེ་བ་ཟབ་མོ་ཡིན། ཐེན་ཅིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་ཐད་ཀྱི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཆབ་སྲིད་རང་རྟོགས་མཐོན་པོ་དང་ཆབ་སྲིད་འགན་འཁྲི་དྲག་པོས་ཏང་ཀྲུང་དབྱང་གིས་བསྩལ་པའི་ཆབ་སྲིད་འགན་ཁུར་ཕྲག་ཏུ་བླངས་ནས། ལས་བྱེད་པ་དང་ཤེས་ལྡན་མི་སྣས་སྣེ་ཁྲིད་པ་དང་། མ་དངུལ་གྱི་རོགས་སྐྱོར་དང་དངོས་ཟོག་གི་ཞལ་འདེབས་གཙོར་བྱས་པ། ལས་གཞི་འཛུགས་སྐྲུན་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་འདྲེན་བྱེད་དུ་བྱེད་པ། བརྗེ་རེས་མཉམ་བསྲེས་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དམིགས་འབེན་དུ་བྱས་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་རྣམ་པ་གསར་བ་གྲུབ་པར་བྱས་པ་དང་། བོད་ཁུལ་གྱི་མང་ཚོགས་ལ་ཕན་བཏགས་པར་མ་ཟད། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་རོགས་འདེགས་ཆེན་པོ་བྱས། ཐེན་ཅིན་གྲོང་ཁྱེར་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བྱང་ཚད་མཐོན་པོ་དང་བབ་བརླིང་གི་སྤྱོད་ཚུལ། ཕུལ་བྱུང་གི་གྲུབ་འབྲས་བཅས་ནི། མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁས་ལེན་གང་ལེགས་དང་བསྔགས་བརྗོད་ཆེན་པོ་ཐོབ་ཟེར། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཐེན་ཅིན་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤུགས་འདོན་པ་གསུམ་གྱི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱས་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དང་རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་ནས། ང་ཚོར་སྐུལ་མ་ཆེན་པོ་ཐེབས། ང་ཚོས་ཐེངས་འདིའི་སློབ་སྦྱོང་གི་གོ་སྐབས་གཅེས་སྤྲས་བྱས་ནས། ཐེན་ཅིན་གྱི་སྔོན་ཐོན་བསམ་ཕྱོགས་འདུ་ཤེས་དང་ཉམས་མྱོང་བྱེད་ཐབས། འཕེལ་རྒྱས་ཀྱི་མ་དཔེ་ཐད་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་། གནས་བབ་ལ་བསྟུན་པ་དང་ཤུགས་གཡར་ནས་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་པ། མཚོ་སྔོན་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བར་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དྲིན་ལན་འཇལ་བ་དང་། ཐེན་ཅིན་གྲོང་ཁྱེར་དང་ཐེན་ཅིན་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་སྟོང་ཟད་དུ་མི་གཏོང་ཁོ་ཐག་ཡིན་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་དང་ཐེན་ཅིན་གྲོང་ཁྱེར་གཉིས་ཀྱི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་མཉམ་དུ་རོགས་སྐྱོར་སྒྲོམ་གཞིའི་གྲོས་མཐུན་བཀོད།

ཐེན་ཅིན་གྲོང་ཁྱེར་གྱི་འགོ་ཁྲིད་ཏོན་ཁྲུན་ཧྭ་དང་མའོ་ཧྲིན་ལེན། ཀྲུང་དབྱི་ཀྲའོ། ལིས་དབྱི། ལིས་ཧྲུའུ་ཆི། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་རྡོ་རྗེ་རབ་བརྟན་དང་ཝང་ཡུས་པའོ། ཡུས་ཚོང་ལི། མཱ་ཝེ་བཅས་གོང་གི་བྱ་འགུལ་ལ་ཞུགས།