རང་རྒྱལ་གྱིས་ཡང་བསྐྱར་དབུལ་ཕོངས་རྫོང་བཞི་བཅུ་དབུལ་ཐར་བྱས།
2018.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཉེ་བའི་དུས་སྐབས་ཤིག་ལ་ཧེ་ལུང་ཅང་གི་ཝང་ཁོས་དང་ཧི་ནན་གྱི་ཞིན་རྫོང་། སི་ཁྲོན་གྱི་དབྱི་ལུང་། ཅང་ཞི་ཡི་རོས་ཅིན་སོགས་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་བཞི་བཅུ་དབུལ་ཐར་གྱི་ཚད་གཞི་ལ་སླེབས་ནས་དབུལ་ཐར་དམིགས་འབེན་མངོན་འགྱུར་བྱས། དེའི་ནང་དུ་གསར་བརྗེ་གནས་རྙིང་ས་ཁུལ་གྱི་རྫོང་ཉེར་དགུ་ཡོད་པ་དང་། དེ་ནི་ཉིས་སྟོང་བཅུ་བདུན་ལོར་རྒྱལ་ཡོངས་ཀྱི་སྐོར་ཐེངས་པའི་དབུལ་ཕོངས་རྫོང་ཉེར་བརྒྱད་དབུལ་ཐར་བྱས་རྗེས། རྒྱལ་ཡོངས་སུ་ཡང་བསྐྱར་གཞི་ཁྱོན་ཆེ་བའི་སྒོ་ནས་དབུལ་ཕོངས་རྫོང་ཇེ་ཉུང་དུ་བཏང་བ་རེད། ད་ལོར་དབུལ་ཕོངས་རྫོང་གྱ་ལྔ་ཡིས་དབུལ་ཕོངས་ལས་ཕྱིར་འབུད་པའི་སྙན་ཞུ་བཏོན་པར་དཔྱད་ཞིབ་དང་ཞིབ་བཤེར་བྱེད་པའི་སྒང་ཡིན།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་སྒྲོག་བྱས་པའི་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་གྲུབ་འབྲས་བཟང་བོ་ལེན་པའི་སྐོར་གྱི་ཆོད་དོན་གྱི་རེ་བ་ལྟར། མིག་སྔར་དབུལ་ཐར་བྱས་པའི་ཞིང་བ་ཁྱིམ་ཚང་དང་ཕྱིར་བུད་པའི་དབུལ་ཕོངས་རྫོང་གིས་མཁྲེགས་གཏོར་དུས་སྐབས་སུ་སྔར་བཞིན་དུ་དབུལ་སྐྱོར་འབྲེལ་ཡོད་སྲིད་ཇུས་ལོངས་སྤྱོད་བྱས་ཆོག