ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་ཧྭ་རོན་སྡེ་ཚོགས་དང་ཚོང་འགུག་ཅུའུ་སྡེ་ཚོགས་ཞང་ཀང་སྤྱི་ཁྱབ་པུའུ་རུ་རྟོག་ཞིབ་བྱས།
2018.08.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉིས་སྟོང་བཅོ་བརྒྱད་ལོའི་རབ་མཛེས་མཚོ་སྔོན་གྱི་ཚོང་རྫས་འགྲེམ་སྟོན་ཞང་ཀང་ནས་སྤེལ་བའི་སྐབས་སུ།   ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་ཧྭ་རོན་སྡེ་ཚོགས་དང་ཚོང་འགུག་ཅུའུ་སྡེ་ཚོགས་ཞང་ཀང་སྤྱི་ཁྱབ་པུའུ་རུ་སོང་ནས་རྟོག་ཞིབ་བྱས།

ཧྭ་རོན་སྡེ་ཚོགས་སུ་བཞུགས་མོལ་བྱེད་སྐབས།   སྡེ་ཚོགས་ཀྱི་སྤྱི་ཁྱབ་རྩིས་པ་ལིས་རུའུ་ཀི་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲུད་གཞུང་གིས་ལོ་མང་པོའི་རིང་ཧྭ་རོན་སྡེ་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད།   མཛད་སྤྱོད་ཆེན་པོ་དང་བདེ་ཐང་ཆེན་པོ།  ནུས་ཁུངས་ཞབས་ཞུ་སོགས་དགེ་མཚན་ཕྱོགས་སུ་མཚོ་སྔོན་དང་མཉམ་ལས་བྱེད་འདོད་ཡོད་པའི་ཚུལ་བསྟན།  ཐེན་ཅིན་ཁྲིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས་རྗེས་བསྟན་དོན།   ཧྭ་རོན་སྡེ་ཚོགས་ཀྱིས་ཉེ་བའི་ལོ་འགའི་རིང་དག་གཙང་ནུས་ཁུངས་གསར་སྤེལ་ཐད་ཤུགས་བསྣན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་པར་མ་ཟད།    མཚོ་སྔོན་དུ་མ་དངུལ་གཏོང་ཚད་ལོ་རེ་བཞིན་ཇེ་མང་དུ་བཏང་སྟེ་མཚོ་སྔོན་གྱི་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག    ཧྭ་རོན་སྡེ་ཚོགས་ཀྱིས་མཚོ་སྔོན་དང་མཉམ་དུ་མཐུན་སྦྱོར་འབྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ་དང་རང་རང་གི་དགེ་མཚན་འདོན་སྤེལ་བྱས་ཏེ་ཁྱོན་ཡོངས་དང་ཁྱབ་ཁོངས་མང་པོའི་བརྗེ་རེས་མཉམ་ལས་སྤེལ་བ་དང་།  ཧུར་ཐག་གིས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་ནི་རེ་བ་ཡིན་ཟེར།

ཚོང་འགུག་ཅུའུ་སྡེ་ཚོགས་སུ་བཞུགས་མོལ་བྱེད་སྐབས།   སྡེ་ཚོགས་ཀྱི་སྤྱི་གཉེར་བ་ཧྥུའུ་ཀང་ཧྥིན་གྱིས་ཁེ་ལས་ཀྱི་སྤྱིའི་གནས་ཚུལ་མཚམས་སྦྱོར་བྱས།   ཐེན་ཅིན་ཁྲིན་གྱིས་མཚོ་སྔོན་གྱི་འཕེལ་རྒྱས་གནས་ཚུལ་དང་འཕྲད་པའི་གོ་སྐབས་བཅས་མཚམས་སྦྱོར་བྱས། ཕྱོགས་གཉིས་ཀྱིས་ཞིང་ལས་ཐོན་རྫས་ཉོ་ཚོང་དང་ཕྱོགས་བསྡུས་དངུལ་རྩ།   རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སོགས་ཐད་ནས་བརྗེ་རེས་བྱས་པ་དང་།  མཉམ་ལས་བར་སྟོང་ཐད་ནས་དཔྱད་བསྡུར་བྱས།  ཐེན་ཅིན་ཁྲིན་གྱིས་བསྟན་དོན།   ཚོང་འགུག་ཅུའུ་སྡེ་ཚོགས་ཀྱིས་ཕྱོགས་བསྡུས་དངུལ་རྩ་དང་།  གྲོང་ཁྱེར་དང་གླིང་ཁུལ་ཕྱོགས་བསྡུས་གསར་སྤེལ་དང་ཕྱི་ཕྱོགས་སྒོ་འབྱེད་སོགས་ཐད་ལ་སྔོན་ཐོན་ཉམས་མྱོང་ཡོད་པ་དང་།   ཕྱོགས་གཉིས་ཀྱིས་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ་མཉམ་ལས་ཁྱབ་ཁོངས་གསར་པ་འཚོལ་ཞིབ་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་རྒྱུན་མཐུན་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་གསོན་ཤུགས་གསར་པ་བསྩོལ་རྒྱུ་ནི་རེ་བ་ཡིན་ཟེར།

རྟོག་ཞིབ་སྐབས་སུ།  ཐེན་ཅིན་ཁྲིན་གྱིས་ཞང་ཀང་ཟས་རིགས་ཁོར་ཡུག་འཕྲོད་བསྟེན་ཁང་དུ་འཚམས་འདྲི་བྱས།