རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཟི་ལིང་གྲོང་ཁྱེར་རྒྱལ་ཁོངས་ལྗང་མདོག་གྲུབ་འབྲས་ལ་ལྟ་ཞིབ་བྱས་ནས། ཟི་ལིང་ས་ཁུལ་གྱི་ལྗང་མདོག་བྱ་བར་ཡུལ་དངོས་མཛུབ་སྟོན་བྱས།
2018.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྗང་མདོག་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་མདོག་སྐུལ་སློང་ཚོགས་ཆེན་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཚོགས་ཆེན་གྱི་སྙིང་སྟོབས་ལག་བསྟར་དངོས་འབེབ་བྱེད་ཆེད། ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་ནགས་ལས་ཐིན་གྱིས་རང་ཞིང་གི་སྲིད་གྲོས་ཨུ་ཡོན་ཁ་ཤས་གདན་འདྲེན་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཟི་ལིང་གྲོང་ཁྱེར་རྒྱལ་ཁོངས་ལྗང་མདོག་གྲུབ་འབྲས་ལ་ལྟ་ཞིབ་བྱས་ནས། ཟི་ལིང་ས་ཁུལ་གྱི་ལྗང་མདོག་བྱ་བར་ཡུལ་དངོས་མཛུབ་སྟོན་བྱས།

ཉིན་དེར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅིན་གྱིས་ཨུ་ཡོན་ཞེ་དྲུག་གྱི་སྣེ་ཁྲིད་དེ། ཏ་ཐུང་ཧོས་རིགས་རང་སྐྱོང་ཁུལ་སྤེན་མ་དང་ཧོར་མོ་ལུང་། ཟི་ལིང་ནུབ་རི་སོགས་སུ་སོང་ནས་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་དང་། ནགས་ལས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་། ཚད་གཞི་མཐོ་བའི་ནགས་འཛུགས། མཉམ་འབྲེལ་དྲ་རྒྱ་དང་སྡོང་འཛུགས་འོས་འགན་རྟེན་གཞིའི་འཛུགས་སྐྲུན་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས། ཨུ་ཡོན་སོ་སོས་ཉེ་བའི་ལོ་འགའི་རིང་གི་ཟི་ལིང་གྲོང་ཁྱེར་རྒྱལ་ཁོངས་ལྗང་མདོག་བྱ་བའི་ཁྲོད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ལ། ཚང་མས་གཅིག་གྱུར་གྱིས་བསམ་རྒྱུར། ལོ་ངོ་སུམ་ཅུའི་རིང་ལ། ཟི་ལིང་གྲོང་ཁྱེར་ནགས་འཛུགས་ལྗང་མདོག་བྱ་བར་བྱེད་ཐབས་དངོས་འབེབ་ལ་ཤུགས་ལྡན་ཞིང་། གྲུབ་འབྲས་མངོན་གསལ་བླངས་འདུག་པར་སྙམ། ཟི་ལིང་མི་དམངས་ཀྱིས་མི་རབས་ནས་མི་རབས་སུ་ས་སེར་ལ་རྒོལ་བ་དང་། ཆུ་དཀོན་པའི་གནད་དོན་སེལ་ནས་ས་བབ་མཐོ་ཞིང་འཁྱག་པའི་ས་ཁུལ་དུ་ནགས་འཛུགས་བྱེད་པའི་ལེགས་འགྲུབ་ཀྱི་རྣམ་པ་འཚོལ་ཞིབ་བྱས། ཨུ་ཡོན་རྣམས་ཀྱིས་ཇི་ལྟར་ལྗང་མདོག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། མིག་སྔར་གནས་པའི་གནད་དོན་ཐད་ནས་བློ་འདོན་ཇུས་འབུལ་བྱས།

རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ནས། ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་གྱི་དམིགས་འབེན་ལ་གོམ་ཁ་ཕྱོགས་ནས། སྤྱི་ཕན་ནགས་ཚལ་གྱི་ཚད་གཞི་མཐོ་བའི་ནགས་འཛུགས་ལག་བསྟར་དངོས་འབེབ་བྱས་ལ། ཕྱོགས་བཞི་ལྗང་མདོག་དང་། ཞིང་སྡེ་གསར་བ་ཞིང་མདོག་ཅན་དུ་སྒྱུར་པ་མ་ཟད། མྱུར་བགྲོད་གཞུང་ལམ་གྱི་ལམ་འགྲམ་ལྗང་མདོག་ཅན་དུ་སྒྱུར་པ་དང་། ཙོང་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དང་བྱང་རིའི་མཛེས་སྡུག་ར་བ། མཚོ་བོད་མཐོ་སྒང་དེང་རབས་ནགས་འཛུགས་ཚན་རྩལ་དཔེར་སྟོན་ར་ས་སོགས་ཀྱི་རྣམ་གྲངས་མང་པོ་འཛུགས་སྐྲུན་བྱས།