ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བརྒྱད་པར་འགོ་འཛིན་མཛད།
2018.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བརྒྱད་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། ཞང་སྡེ་དར་སྤེལ་འཐབ་ཇུས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འབྲེལ་བའི་ཁྱོན་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་ལས་འགན་ཡིན་ལ། དུས་རབས་གསར་པའི་ཞིང་གསུམ་བྱ་བའི་སྤྱིའི་ཐབས་ཤེས་ཡིན་པས། ང་ཚོས་འཐབ་ཇུས་གལ་ཆེན་དེའི་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། ཞིང་གསུམ་གནད་དོན་ཐག་གཅོད་བཟང་པོ་བྱེད་རྒྱུ་དེ་དུས་རྟག་ཏུ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ། བསམ་ཕྱོགས་གསལ་བར་བྱེད་པ་དང་། ངེས་ཤེས་ཇེ་ཟབ་ཏུ་གཏོང་བ། བྱ་བ་དངོས་སུ་བཟང་པོར་སྒྲུབ་པ་བཅས་བྱས་ཏེ། ཞིང་ལས་ཕྱོགས་ཡོངས་ནས་རིམ་པ་སྤོར་བ་དང་། ཞིང་སྡེ་ཕྱོགས་ཡོངས་ནས་གོང་འཕེལ་དུ་གཏོང་བ། ཞིང་པ་ཕྱོགས་ཡོངས་ནས་ཡར་རྒྱས་སུ་གཏོང་བ་བཅས་ལ་ཡར་སྐུལ་བྱེད་དགོས་ཟེར།

སློབ་སྦྱོང་འགོ་བརྩམས་མ་ཐག ཞང་སྡེ་དར་སྤེལ་འཐབ་ཇུས་དང་འབྲེལ་བའི་ཆེད་བསྒྲིགས་བརྙན་རིས་བསྟན། དེའི་རྗེས་སུ་བློ་མཐུན་ཧན་ཁྲང་ཧྥུའུ་དང་ལིའུ་ཡུང་ཧྥུའུ་གཉིས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཁོ་ཚོས་སྡེ་ཁག་རང་གི་བྱ་བའི་དོན་དངོས་དང་སྦྲེལ་ནས་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱས་པའི་མྱོང་ཚོར་དང་དེའི་ཐད་ཀྱི་བསམ་འཆར་གླེང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པས་ཁོ་ཚོའི་གཏམ་བཤད་པར་ནན་གྱིས་ཉན་པར་མ་ཟད། འབྲེལ་ཡོད་གནད་དོན་སྐོར་ནས་གྲོས་སྡུར་བྱས།

ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་མེད་ན། རྒྱལ་ཁབ་ཧྲིལ་པོའི་དེང་རབས་ཅན་མེད། དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ། བཟོ་ལས་དང་ཞིང་ལས་ཀྱི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་ཇི་ལྟར་ཐག་གཅོད་བཟང་པོ་བྱེད་པ་དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་དེང་རབས་ཅན་གྱི་རྒྱལ་ཕམ་མཚོན་ཡོད། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པའི་ཆ་ནས། བཟོ་ལས་དང་ཞིང་ལས་ཀྱི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་པའི་ནུས་པ་དང་ཆ་རྐྱེན་ཡོད་འོས། བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་ལ། རང་རྒྱལ་གྱི་རྒྱ་ཆེའི་ཞིང་པས་བཟོ་ལས་ཅན་དང་མཁར་གྲོང་ཅན་གྱི་ཐད་ལ་བྱས་རྗེས་ཧ་ཅང་ཆེན་པོ་བཞག་པས། ཞིང་ལས་འཕེལ་རྒྱས་དང་ཞིང་སྡེ་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་ཐོབ་ནས། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ནི་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་སྤྱིའི་དམིགས་འབེན་ཡིན་པ་དང་། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་ནི་སྤྱིའི་བྱེད་ཕྱོགས་ཡིན་ལ། ཐོན་ལས་གོང་འཕེལ་དང་སྐྱེ་ཁམས་ཡིད་འོང་། ཞང་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ནི་སྤྱིའི་བླང་བྱ་ཡིན་ཞིང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་དང་ཆབ་སྲིད་མ་ལག་འཐུས་ཚང་དུ་འཛུགས་པ་ནི་ལམ་ལུགས་ཀྱི་འགན་སྲུང་ཡིན་པས། ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་དེང་རབས་ཅན་གཞི་གཅིག་ཅན་དུ་འཆར་འགོད་བྱེད་པ་དང་མཉམ་གཅིག་ཏུ་སྤེལ་ནས། ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་དུ་མཆོང་སྐྱོད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་ན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་འགོ་ཁྲིད་ལ་ཤུགས་བསྣན་ནས། ཏང་ཡོངས་ཀྱི་གོང་འོག་ཚང་མ་དང་སྤྱི་ཚོགས་ཕྱོགས་སོ་སོའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། ཞང་སྡེ་དར་སྤེལ་འཐབ་ཇུས་ཀྱི་ཆབ་སྲིད་ཁ་ཕྱོགས་དམ་འཛིན་བཟང་པོ་བྱེད་པ་དང་། ཞིང་སྡེའི་ས་ཞིང་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོ་རྒྱུན་འཁྱོངས་བྱེད་པ། རྣམ་པ་གསར་པའི་ཐུན་མོང་དཔལ་འབྱོར་གོང་འཕེལ་དུ་གཏོང་བ་བཅས་བྱས་ནས། ཐུན་མོང་གི་འབྱོར་ཕྱུག་གི་ལམ་དུ་སྐྱོད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་དུ་གཤམ་གྱི་འབྲེལ་བ་འདི་དག་ཐག་གཅོད་བཟང་པོ་བྱེད་པར་གཙིགས་འཛིན་བྱེད་དགོས་ཏེ། གཅིག ཡུན་རིང་གི་དམིགས་འབེན་དང་ཡུན་ཐུང་གི་དམིགས་བར་གྱི་འབྲེལ་བ། གཉིས། གོང་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་བར་གྱི་འབྲེལ་བ། གསུམ། ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་བཟང་པོར་འདོན་པའི་བར་གྱི་འབྲེལ་བ། བཞི། མང་ཚོགས་ཐོབ་ཚོར་ཇེ་དྲག་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་དུས་རིམ་ལ་བསྟུན་པའི་བར་གྱི་འབྲེལ་བ་བཅས་ཡིན་ཟེར།