ཝང་ཀྲིན་ཧྲིན་མཚོ་སྔོན་སློབ་ཆེན་དང་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་དུ་སོང་ནས་རྒྱལ་ཁབ་ཁྲིམས་ལུགས་ལས་རིགས་ཀྱི་ཐོབ་ཐང་གཅིག་གྱུར་རྒྱུགས་ལེན་ཐད་ནས་སྐོར་ཞིབ་བྱས།
2018.09.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན། 2018ལོའི་རྒྱལ་ཁབ་ཁྲིམས་ལུགས་ལས་རིགས་ཀྱི་ཐོབ་ཐང་གཅིག་གྱུར་ཡིག་རྒྱུགས་དངོས་སུ་ལེན་འགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་མཚོ་སྔོན་སློབ་ཆེན་དང་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་གཉིས་སུ་སོང་ནས་རྒྱུགས་ལེན་ཐད་སྐོར་ཞིབ་བྱས།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། ཁྲིམས་ལུགས་ལས་རིགས་ཀྱི་ཐོབ་ཐང་རྒྱུགས་ལེན་ནི་སྤུས་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བྱ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་རྨང་གཞི་རང་བཞིན་དང་འགོ་ཁུངས་རང་བཞིན་གྱི་བྱ་བ་ཞིག་ཡིན་ལ། ད་ལོ་ནི་རྒྱལ་ཁབ་ཁྲིམས་ལུགས་ལས་རིགས་ཀྱི་ཐོབ་ཐང་གཅིག་གྱུར་རྒྱུགས་ལེན་ལམ་ལུགས་བཙུགས་པ་དང་ལག་བསྟར་བྱེད་པའི་ལོ་དང་པོ་ཡིན། རྒྱུགས་ལེན་གྱི་ཆེད་ལས་ཁྱབ་ཁོངས་ནི་ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒོའི་ནུས་པ། ལས་རིགས་མི་ཆོས་བཅས་ཡིན་པ་དང་། རྒྱུགས་ལེན་གྱི་དམིགས་འབེན་ནི་སྤྱོད་ཡོན་གཉིས་ལྡན་དང་ཁྲིམས་སྤྱོད་གཉིས་བཟང་གི་ཚད་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཇོན་མི་སྐྱེད་སྲིང་བྱས་ཏེ། ཁྲིམས་ལྟར་ཁྱོན་ཡོངས་ནས་རྒྱལ་ཁབ་སྐྱོང་བའི་ཐད་འཇོན་མིའི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་དེ་ཡིན་ཟེར།

ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཁྲིམས་ལུགས་ལས་རིགས་ཀྱི་ཐོབ་ཐང་གཅིག་གྱུར་རྒྱུགས་ལེན་བྱ་བའི་ཆབ་སྲིད་ངོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱེད་པ། ཁྲིམས་ལྟར་རྒྱུགས་ལེན་ལ་བཅོས་སྐྱོང་བྱེད་པ་དང་། རྒྱུགས་ལེན་ལ་བཅོས་སྐྱོང་ནན་མོ་བྱེད་པ། ཞབས་ཞུ་ལེགས་པོ་བསྒྲུབ་པའི་རྩ་དོན་ལག་བསྟར་ནན་མོ་བྱེད་པ། རྩ་འཛུགས་ཞིབ་མོ་དང་སྒྲིག་ལམ་དམ་པོ། ཚད་གཞི་དམ་པོ། སྒྲིག་ལམ་ནན་མོ་བྱས་ཏེ། ཞབས་ཞུ་དང་འགན་སྲུང་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་བ་དང་། རྒྱལ་ཁབ་ཁྲིམས་ལུགས་ལས་རིགས་ཀྱི་ཐོབ་ཐང་གཅིག་གྱུར་རྒྱུགས་ལེན་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།