སྤེལ་དུས།2018.10.11 ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ།
0
0

ཟླ་བཅུ་བའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་གྱི་སྔ་དྲོའི་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲང་ཧེ་རུ་སོང་ནས་དེ་གའི་བྱ་བར་རྟོག་ཞིབ་དང་སློབ་སྦྱོང་བྱས། ཚེས་དགུ་ཉིན་གྱི་སྔ་དྲོར། ཧྲང་ཧེ་ཡི་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིས་ཁི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཚོགས་ཐོག་ནས་གཏམ་བཤད། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དབྱིན་ཡུང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་དང་། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་མི་དམངས་སྲིད་གཞུང་གིས་ཁ་གཏད་རོགས་སྐྱོར་ལས་དོན་དང་ཁྱབ་ཁོངས་གཙོ་བོའི་མཉམ་ལས་བྱ་བར་ཤུགས་སྣོན་དགོས་པའི་སྐོར་གྱི་སྒྲོམ་གཞིར་གྲོས་མཐུན་བཀོད།

ལིས་ཆང་གིས་ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཡོངས་ཀྱི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། མཚོ་སྔོན་གྱིས་དུས་ཡུན་རིང་བོར་ཧྲང་ཧེ་ཡི་འཛུགས་སྐྲུན་དང་འཕེལ་རྒྱས་ལས་དོན་ལ་རྒྱབ་སྐྱོར་རོགས་འདེགས་བྱས་པ་དང་། ཧྲང་ཧེ་ཡི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་སྤེལ་མཁན་གྱི་ལས་བྱེད་པར་སེམས་ཁུར་དང་གཟིགས་སྐྱོང་གནང་བར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་མཛུབ་སྟོན་བླང་བྱ་གལ་ཆེན་དཀྱིལ་སྙིང་དུ་བཟུང་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་གཏིང་ཟབ་བྱས་པར་བརྟེན། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་པར་མ་ཟད། ཐོན་ལས་གཙོ་བོར་ཐོད་བརྒལ་གསར་བ་བྱུང་བ་ལས་གཞན། དབུལ་ཐར་མཁྲེགས་གཏོར་གྱི་གོམ་སྟབས་གསར་བ་བསྒྱུར་ནས། ལས་རིགས་ཁག་སོ་སོས་གྲུབ་འབྲས་མིག་མཐོང་ལག་ཟིན་བླངས་ཡོད་པས། མཚོ་སྔོན་གྱི་ཉམས་མྱོང་དང་སྙིང་སྟོབས་འདི་ལྟ་བུར་ཧྲང་ཧེ་གྲོང་ཁྱེར་གྱིས་སློབ་སྦྱོང་ནན་མོ་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། ཧྲང་ཧེ་གྲོང་ཁྱེར་གྱིས་ལོ་ངོ་དུ་མའི་རིང་ལ་མཚོ་སྔོན་ལ་སྒེར་སེམས་སྤུ་ཙམ་ཡང་མེད་པའི་ངང་ནས་རོགས་སྐྱོར་དང་རོགས་འདེགས་གནང་བར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཀྲུང་དབྱང་གིས་ཧྲང་ཧེ་གྲོང་ཁྱེར་འདི་ཉིད་མཚོ་སྔོན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་སྤེལ་མཁན་དུ་གཏན་འབེབས་བྱས་པ་ནས་བཟུང་། ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་འཐབ་ཇུས་ཇུས་ཆོད་དངོས་འབེབས་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་གོ་གནས་མཐོ་ཞིང་འདུ་ཤེས་བཞི་སྔར་ལས་དྲག་པ། འགོ་ཁྲིད་ཀྱིས་མཐོང་ཆེན་གང་ལེགས་གནང་བ། དབུལ་སྐྱོར་བྱེད་ཤུགས་རིམ་པ་རེ་རེ་བཞིན་ཇེ་དྲག་ནས་ཇེ་དྲག་ཡིན་པ། དངོས་གཉེར་གནད་ཕིགས་ལ་རོགས་འདེགས་བྱས་པ། ལས་བྱེད་པ་ཕན་ཚུན་བར་ཕན་ཚུན་མཛའ་མཐུན་དང་ཕན་ཚུན་བརྩི་བཀུར་ཡོད་པ། བརྩེ་བ་བཅངས་ནས་ལས་དོན་སྤེལ་བ། ཕན་སེམས་བཅངས་ནས་མ་དངུལ་བསྐྱལ་བ། འོས་འགན་ཡིད་ལ་བཅངས་ནས་ལས་གཞི་དངོས་འབེབས་དོན་འཁྱོལ་བྱས་པར་མ་ཟད། ད་དུང་ཧྲང་ཧེ་གྲོང་ཁྱེར་གྱིས་མགོ་ལོག་མི་དམངས་རང་གི་གཉེན་ཉེ་ཡི་ཚབ་ཏུ་བཞག་ནས་རོགས་སྐྱོར་བྱས་པ་དང་། མགོ་ལོག་མི་དམངས་ཀྱིས་ཀྱང་ཧྲང་ཧེ་མི་དམངས་རང་གི་དྲིན་ཅན་གྱི་ཚབ་ཏུ་བཀུར་ཡོད་པས། ས་གནས་གཉིས་ཀྱི་དམངས་སེམས་འོ་ཆུ་བཞིན་ཏུ་གཅིག་འདྲེས་བྱུང་ཡོད་ལ། ལག་ལེན་གྱིས་ཏང་ཀྲུང་དབྱང་གི་ཁ་གཏད་རོགས་སྐྱོར་བྱ་བའི་མིག་རྒྱང་རིང་བོ་དང་བདེན་དངོས་རང་བཞིན་ར་སྤྲད་པར་མ་ཟད། ཧྲང་ཧེ་གྲོང་ཁྱེར་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ཕན་འབྲས་ངེས་ཅན་བླངས་ཡོད་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཧྲང་ཧེ་ནི་རྒྱལ་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་བྱས་པའི་སྔོན་མ་དང་གསར་གཏོད་འཕེལ་རྒྱས་ཀྱི་སྔོན་སྐྱོད་པ་ཡིན་པས། ཧྲང་ཧེ་གྲོང་ཁྱེར་གྱི་འཕེལ་རྒྱས་གྲུབ་འབྲས་གཟེངས་སུ་ཐོན་ཡོད་ཅིང་། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཧྲང་ཧེ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྣམ་པར་རྒྱས་པའི་ལག་ལེན་ཡིན། ང་ཚོས་ཧྲང་ཧེ་ཡི་སྔོན་ཐོན་བསམ་བློའི་འདུ་ཤེས་དང་ཉམས་མྱོང་བྱེད་ཐབས། འཕེལ་རྒྱས་རྣམ་པ་བཅས་ལ་སློབ་སྦྱོང་བྱེད་དགོས་པར་མ་ཟད། ས་གནས་གཉིས་ཀྱི་བསམ་བློ་བརྗེ་རེས་དང་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་སྐུལ་འདེད་བཏང་ནས་གྲུབ་འབྲས་ལོན་པར་འབད་དགོས་པ་ལས་གཞན། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པའི་ལག་ལེན་དངོས་ལ་བརྟེན་ནས། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་ལྟོས་སྟོང་ཟད་དུ་མི་གཏོང་བར་དྲིན་ལན་གཞལ་དགོས་པར་མ་ཟད། ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། ཧྲང་ཧེ་མི་དམངས་བཅས་ཀྱི་བརྩེ་འདང་ཟབ་མོར་དྲིན་ལན་གཞལ་དགོས་ཟེར།

ཧྲང་ཧེ་གྲོང་ཁྱེར་གྱི་འགོ་ཁྲིད་མི་སྣ་ཡུན་ཡུས་ཚོས་དང་ཡུས་ཧོང་། ཝུན་ཙུའུ་ལེང་། ཀྲུའུ་ཀི་ཡུས་ཅེ། ཕིན་ཁྲིན་ལའེ། ཧྥང་ཧོས་ཕིན་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་མི་སྣ་རྡོ་རྗེ་རབ་བརྟན་དང་ཝང་ཞའོ། ཝང་ཡུས་པའོ། ཡུས་ཚུང་ལི། ཀོ་ཧྭ་བཅས་གོང་གསལ་བྱ་འགུལ་ལ་ཞུགས།


གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།